R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༥༤
[A:༢༥༤]ཁ་བའི་ལྗོངས་ཀྱི་ཡུལ་གྲུ་ཐམས་ཅད་ཀྱི་ཅོད་པན་དུ་གྱུར་པ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་སྐུ་དངོས་སུ་བྱོན་ནས་བྱིན་གྱིས་བརླབས་ཤིང༌། འཁྲུལ་མེད་བསྟན་པའི་མངའ་བདག་འཁོན་སྟོན་རིམ་པར་བྱོན་པ་རྣམས་ཀྱིས་བདག་གིར་མཛད་ཅིང་ཉེ་བར་བསྐྱངས་པས་འཛམ་བུའི་གླིང་གི་ཆོས་དང་ཟང་ཟིང་གི་དགེ་ལེགས་ཐམས་ཅད་འདུ་ཞིང་འབྱུང་བའི་སྒོ་གཅིག་པུ། བདེ་བར་གཤེགས་པའི་གསུང་རབ་མདོ་སྡེ་དང་རྒྱུད་སྡེ་མཐའ་དག་གི་ཆོས་ཀྱི་སྒྲ་རྒྱུན་མི་འཆད་པ་སྒྲོག་པའི་གཙུག་ལག་ཁང་ཆེན་པོ་དཔལ་ལྡན་ས་སྐྱ་ཞེས་འཇིག་རྟེན་ན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ཀྱི་བྱ་འདབས་ལས་ཧ་ཅང་མི་རིང་བ། སྐྱེས་བུ་སྐད་ཀྱི་གསང་མཐོ་ཞིང་ལུས་ཀྱི་སྟོབས་རྩལ་ཕུལ་དུ་བྱུང་བ་མང་པོ་འབྱུང་བའི་གནས་དཔའ་ལུང་ཞེས་བྱ་བའི་ཡུལ་གྱི་སྙིང་པོ་དམ་པ་མང་པོས་རབ་ཏུ་བསྔགས་ཤིང་བྱིན་གྱིས་བརླབས་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཆེ་ཆུང་གིས་ཉེ་བར་བསྟེན་ཅིང་ཡོངས་སུ་སྐྱོང་བའི་གཙུག་ལག་ཁང༌། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ལ་སོགས་པའི་བླ་མ་དམ་པ་རྣམས་དང༌། རྒྱ་ཧོར་གྱི་རྒྱལ་པོ་ལ་སོགས་པ་འཇིག་རྟེན་ན་ཆེ་བར་རློམ་པ་མཐའ་དག་གིས་བསྟན་པ་སྤྱིའི་མཆོད་གནས་སུ་མངའ་གསོལ་བའི་དཔའ་ལུང་དགོན་པ་ཞེས་བྱ་བ་ཡིན་ནོ། །ཚད་ལྡན་དམ་པ་མང་པོས་རིང་ནས་བསྔགས། །མཐུ་ལྡན་སྲུང་མའི་དབང་པོས་ཡོངས་སུ་བརྟེན། །རྩལ་ལྡན་སྐྱེ་བོ་དུ་མས་གང་བའི་གྲོང༌། །ཆོས་ལྡན་དགེ་འདུན་འདུ་བའི་གཙུག་ལག་ཁང༌། །འདི་ནི་རྗེ་བཙུན་ཁྱེད་ཀྱི་བལྟམས་པའི་ཡུལ། །ཡུལ་དབུས་སེར་སྐྱའི་གྲོང་ཁྱེར་ཁྱད་པར་ཅི། །ཅི་ཕྱིར་ལྷར་བཅས་འཇིག་རྟེན་ཀུན་གྱི་སྐྱབས། །སྐྱབས་མཆོག་འཁྲུངས་པའི་གནས་སུ་མཚུངས་ཕྱིར་རོ། །འདིའི་རིགས་ནི། མངའ་བདག་མར་པ་ལྷོ་བྲག་པ་ཆེན་པོའི་ཐུགས་སྲས་ཀ་ཆེན་བཞིའི་ནང་ཚན། འོད་གསལ་གྱི་བཀའ་བབས་པའི་གཙང་རོང་གི་མེས་སྟོན་ཆེན་པོ་ཞེས་བྱ་བ།