R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༩༤
[A:༢༩༤]བོད་དུ་བྱོན་པའི་མཁས་གྲུབ་གོང་མ་རྣམས་གནས་གང་དུ་འཁྲུངས་པ། དེ་དག་གི་ཡོན་ཏན་གྱི་ཁྱད་པར། བསྟན་པ་རིན་པོ་ཆེ་ལ་བྱ་བ་ཇི་ལྟར་མཛད་པ། དེ་དག་གི་བཤད་སྒྲུབ་ཀྱི་སྲོལ་འཛིན་པ་ཇི་ལྟར་བྱུང་བ། ད་ལྟ་ཇི་ལྟར་གནས་པའི་ཚུལ་ལམ། ཡང་ན་ནི་དཀོན་མཆོག་གསུམ་གྱི་རྟེན་བཞེངས་པ་དང༌། རྙིང་པ་རྣམས་གསོས་པ་དང༌། དེ་དག་ལ་མཆོད་པ་བྱས་པའི་ཕན་ཡོན་ལ་སོགས་པ་ཆོས་ཀྱི་གསུང་གླེང་ཁོ་ནས་དེ་དག་གི་རྒྱུད་དགེ་བ་ལ་མ་དད་པ་རྣམས་དད་པ་དང༌། དད་པ་རྣམས་འཕེལ་བ་དང༌། འཕེལ་བ་རྣམས་བརྟན་པར་མཛད་པ་ཡིན་གྱི། མི་དགེ་བ་དང༌། ལུང་མ་བསྟན་གསུང་བ་མི་དྲན་ལ། ལྷག་པར་བྱམས་པ་དང༌། སྙིང་རྗེ་བསམ་གྱིས་མི་ཁྱབ་པའི་དབང་གིས། གྲྭ་པ་དང༌། སྦྱིན་བདག །སྐུ་ཉེ་སྐུ་འཁོར་ལ་སོགས་པ་རྣམས་ཀྱི་ནང་ནས་ཀྱང་གང་དག་ཟས་གོས་ཀྱི་འཕོངས་པ་དང༌། སྤྱོད་པ་ངན་པ། ཆོས་དང་མི་མཐུན་པ། འཇིག་རྟེན་གྱི་བྱ་བ་ཉེས་པ། མི་སྡང་བ། མགོན་སྐྱབས་མེད་པ་རྣམས་དང༌། ཁྱད་པར་རྗེ་ཉིད་ལ་མ་གུས་པ། སྐུར་པ་འདེབས་ཤིང༌། ལོག་སྒྲུབ་སྒོ་དུ་མ་ནས་བྱེད་པ་རྣམས་ལ་ལྷག་པར་ཡང་ཐུགས་བརྩེ་བར་མཛད་ཅིང༌། གཞན་ཚོ་ལ་མགོན་སྐྱབས་བྱེད་པ་དེ་རང་ས་ན་གདའ་སྟེ། སྡུག་གེ་འདི་ཚོ་ལ་མགོན་སྐྱབས་གཞན་མེད་པ་གསུང་ནས་ཟས་གོས་ཀྱི་གནང་བྱིན་མཛད། སྐུ་མདུན་དུ་བོས་ཤིང་སྙན་པའི་གསུང་གིས་གཟེངས་བསྟོད། དབུགས་ཕྱུང༌། ཁོ་རང་གི་ཡིད་ལ་རེ་བ་གང་ཡོད་སྒྲུབ། ཐ་ན་གཞན་ལ་བཅོལ་གཏམ་ཚུན་ཆོད་ཀྱིས་ཕན་ཅི་ཐོགས་མཛད་པ་ཡིན་ཏེ། དཔེར་ན་ཇོ་གདན་ཀུན་སྙིང་ཞེས་བྱ་བ་ཀུན་སྤྱོད་ཤིན་ཏུ་ངན་པ་བརྩེ་བས་སྐྱོང་མཁན་རྗེ་ཉིད་ལས་གཞན་སུ་ཡང་མེད་བཞིན་དུ་སྐུར་ཞུས་དང་ཞབས་འདྲེན་ཁོ་ན་ལ་ཆས་པ་ཞིག་ཡོད་པ་དེ་ལ་བུ་གཅིག་པ་ལྟར་ཤིན་ཏུ་བྱམས་ཤིང༌།