R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༩༥
[A:༢༩༥] གསོལ་བའི་གང་ཞིམ་ཚུན་དེ་ཁོ་ན་ལ་གནང༌། ཁོས་གང་ཞུས་ངོ་མི་ལྡོག་པར་གནང་བ་ཞིག་ཡོད་པ་ལ། བདག་གིས་འདི་ལུགས་གཉིས་ཀ་ནས་སྔར་ཞབས་ཏོག་ཏུ་གྱུར་པ་མེད་ཅིང༌། ད་ནི་ནམ་ཡང་ཡོང་བའི་ཚན་དུ་མི་གདའ། ལྷག་པར་ཞབས་དྲུང་ཉིད་ལ་འཁང་ར་དང་སྐུར་ཞུས་ཁོ་ན་བྱེད་པ་འདི་འདྲ་ལ་འདི་ཙམ་གྱི་ཐུགས་འདོགས་རང་གནང་མི་དགོས་སམ་ཞུས་པས། ཆོས་རྗེ་པ་ཅི་གསུང་ནས་སྤྱན་ཆབ་ལྷུག་པར་བྱོན་གྱི་འདུག་གོ །རང་གི་བུ་ལ་ཁྲ་དང་སྤྱང་ཀྀའང་བྱམས། གོ་ཆོད་སྐྱེ་བོ་ཁྲེལ་མེད་རྣམས་ཀྱང་གསོ། །དམུ་རྒོད་རང་ཉེས་གཞན་གྱིས་སྤངས་པ་རྣམས། །རྒྱལ་སྲས་བརྩེ་ལྡན་ཁྱོད་ཀྱིས་བདག་གིར་མཛད། །ཐོག་མེད་འཁོར་བར་གོམས་པའི་ངན་སྤྱོད་དང༌། །མ་མཐུན་རྒྱལ་སྲས་སྤྱོད་ལ་སེམས་ཁྲེལ་བའི། །སྡིག་ལྡན་ཁོ་བོ་དམྱལ་བར་ལྷུང་ངེས་པ། །དགོངས་ནས་ཐུགས་ཁྲལ་སྤྱན་ཆབ་ཤོར་རམ་སྙམ། །སྐྱིད་སྦུག་ཏུ་བཞུགས་པའི་དུས་ཐོག་ཁར་བསིལ་གཏོར་མཛད་པ་ན་གོང་མོ་རྣམས་དྲུང་དུ་གཏོར་ཟན་ཟ་བར་བྱེད་ཅིང༌། དེ་དག་གི་མགྲིན་པ་ཟན་གྱིས་འགགས་པ་ན་སྐུ་མདུན་དུ་མྱུར་བར་འོངས་སྟེ་སྐུ་པང་ལ་སོགས་པར་འདུག་ནས་ཁ་གདངས་ཏེ་སྡོད་པ་ཕྱག་སོར་གྱིས་ཟན་བྲུས། མཆུ་ལ་སོགས་པ་འཕྱིད་པར་མཛད་པ་དང་དེས་མཚོན་པའི་ངོ་མཚར་བ་དུ་མ་ཡོད་ལ། གཞན་ཡང་བདག་བས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་མངའ་བའི་དབང་གིས་གནོད་ལན་དུ་ཕན་པ་ཁོ་ན་ལྷུར་ལེན་པར་མཛད་དེ། སྔ་དུས་ཇོ་ནང་ན་བཞུགས་པའི་ཚེ་སྔོན་མ་བྱུང་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས་ཕྱོགས་དེའི་བདེ་སྐྱིད་རྣམ་པར་འཕེལ་བ་དང༌། སྐྱེ་བོ་མང་པོ་ཞིག་བདུད་ཀྱི་སྤྱོད་ཡུལ་ལས་འདའ་བར་ཤེས་