R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༩༣
[A:༢༩༣]དང༌། མཁས་པའི་དབང་པོ་དཀོན་མཆོག་ཚུལ་ཁྲིམས་ལས་དབུ་སེམས་གཉིས་ཀའི་ལུགས་ཏེ་ཡང་དག་པར་བླང་བ་བརྡ་ལས་བྱུང་བའི་སྨོན་འཇུག་གི་སེམས་བསྐྱེད་པ་ལེགས་པར་ནོས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། བསླབ་པ་ཀུན་ལས་བཏུས་པ་དང༌། སྡོམ་པ་ཉི་ཤུ་པ་ལ་སོགས་བྱང་ཆུབ་སེམས་དཔའི་སྡེ་སྣོད་མཐའ་དག་ལ་ལེགས་པར་སྦྱངས་ནས། ལྟུང་བ་དང༌། ལྟུང་བ་མེད་པ་དང༌། ལྟུང་བའི་གཟུགས་ཅན་དང༌། ལྟུང་བ་མེད་པའི་གཟུགས་ཅན་ལ་སོགས་པ་མ་ནོར་བར་མཁྱེན་པ་དང༌། དགེ་བའི་བཤེས་གཉེན་ལ་རྟག་ཏུ་གུས་པ་དང༌། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པའི་སླད་དུ་བརྩོན་པ། སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པའི་ཐུགས་རྒྱུན་དུ་མངའ་བ། ནག་པོའི་ཆོས་བཞི་དང་བྲལ་ཞིང༌། སྐྱེས་བུ་ཆེན་པོའི་རྟོག་པ་ལྔ་དང་ནམ་ཡང་མི་འབྲལ་བས། བྱང་སེམས་ཀྱི་རྩ་བའི་ལྟུང་བ་དང༌། ཉེས་བྱས་ཕྲ་ཞིང་ཕྲ་བས་མ་གོས་བཞིན་དུ་ཡང་ཕུང་པོ་གསུམ་པ་ལ་སོགས་པའི་བཤགས་བསྡམས་དང༌། རྟེན་གྱི་སྤྱན་སྔར་ཉིན་རེ་བཞིན་སེམས་བསྐྱེད་རྒྱས་པར་ལེན་ལ། དུས་ཐམས་ཅད་དུ་རང་དོན་ཡིད་བྱེད་ཀྱི་དྲི་མ་དང་བྲལ་ཞིང༌། གཞན་ལ་ཕན་པ་ལྷུར་ལེན་པས་སྐུ་འཁོར་དང༌། སློབ་མ་དང༌། སྦྱིན་བདག་ལ་སོགས་པ་ཐམས་ཅད་ཀྱང་རང་རང་གི་སྐལ་བ་དང་འཚམ་པའི་ཐབས་སྣ་ཚོགས་ཀྱི་སྒོ་ནས་དགེ་བའི་བྱ་བ་གནས་སྐབས་དང་མཐར་ཐུག་གི་དོན་ཡོད་པ་འབའ་ཞིག་ལ་སྦྱོར་བ་མཛད་ཀྱི། དོན་མེད་པ་དང༌། དོན་ལོག་པ་ལ་ཅུང་ཟད་སྦྱར་བར་མི་མཛད་ལ། ཐ་ན་དགེ་བཤེས་སམ། མི་ཆེན་ནམ། སྐྱེ་བོ་ཕལ་པ་ལྟ་བུ་དང་གསུང་གླེང་ཞིག་མཛད་ན་ཡང༌། རྒྱ་