R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༩༢
[A:༢༩༢]དེ་དག་གྱི་ནའི་ཟས་སྐོམ་འཚོལ་འཚོལ་ནས། །ཡིད་བཞིན་ནོར་བུ་བོར་དང་མཚུངས་སམ་སྙམ། །ཁྱོད་ཀྱིས་སྐུ་སྲོག་ལས་ཀྱང་སོ་ཐར་དང༌། །དེ་ལས་རྡོ་རྗེ་ཐེག་པ་གཅེས་དགོངས་ནས། །མ་ནོར་སྤངས་བླངས་ཚུལ་བཞིན་མཛད་པ་འདིས། །རྒྱལ་བ་དགྱེས་པའི་ལམ་བཟང་གསལ་བར་བྱས། །སྐད་སྙན་ངང་མོ་རོལ་པའི་འཕུར་ལྡིང་གིས། །ཆུ་གཏེར་པདྨའི་འཕྲེང་བས་མཛེས་པར་གོ །ཡིད་འོང་ཐ་གྲུར་ཁྱབ་པའི་དྲི་བསུང་འདིའི། །ཚུལ་ཁྲིམས་མཆོག་ཏུ་བླུན་པོ་ཡིས་ཀྱང་རྟོགས། །འདུལ་བའི་གཞུང་དང་རྒྱུད་སྡེ་རྒྱ་མཚོའི་དོན། །ཚུལ་བཞིན་གཟིགས་ལ་འཁྲུལ་པ་ཅི་ཞིག་མངའ། །ཐོས་ཆུང་འགའ་ཡིས་འདི་དང་འདི་འདྲ་ཞེས། །སྨད་ཀྱང་རང་གི་དེ་ཉིད་བསྟན་པར་ཟད། །རྙོག་བྲལ་ཀུན་ནས་གཙང་བའི་ཚུལ་ཁྲིམས་ལྡན། །འགྲོ་རྣམས་དགའ་བྱེད་ཞི་དུལ་སྤྱོད་པས་མཛེས། །ཁེངས་བྲལ་ལེགས་པར་འདོམས་པའི་བརྟུལ་ཞུགས་ཅན། །ལྔ་བརྒྱའི་དུས་ཀྱི་དགྲ་བཅོམ་འདི་ངོ་མཚར། །དེ་ལྟར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱིས་མཛེས་པར་བྱས་པ་ཙམ་དུ་མ་ཟད་ཀྱིས། །བདག་གི་བླ་མ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུར་མཛད་འདིས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་དེའི་བསླབ་པར་བྱ་བ་མཐའ་དག་ལ་ཞུམ་པ་དང༌། སྒྱིད་ལུག་པ་དང༌། འཁོར་བས་སྐྲག་པ་མེད་ཅིང༌། རང་སྨིན་པའི་གེགས་གསུམ་དང༌། གཞན་སྨིན་པའི་གེགས་ལྔ་ལ་སོགས་པ་དང་བྲལ་བས་ཚུལ་ཇི་ལྟ་བར་སྤྱོད་བཞིན་པ་ཡིན་མོད་ཀྱིས། སྐུ་ཚེ་འདིར་ཡང་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་ཡབ་སྲས་ལས་མཎྜལ་ཚོམ་བུ་ལྔ་པ་ལ་བསྟེན་པའི་སེམས་བསྐྱེད་དང༌། རྣལ་འབྱོར་དབང་ཕྱུག་བསོད་ནམས་སེང་གེ་ལས་ཐེག་པ་ཆེན་པོ་དབུ་མའི་ལུགས་