R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༨༢
[A:༢༨༢]ལུགས་ཐུན་མོང་མ་ཡིན་པ་ལྷ་བཅུ་གསུམ་མ་དང༌། སྐྱོ་ལུགས་ཀྱི་ཁྲིད། དེ་དག་དང་རྗེས་སུ་འབྲེལ་བའི་ཡི་གེ་རྭ་པོད་ལ་སོགས་པ་མང་པོའི་ལུང༌། འོད་གསལ་འཆར་བ། བདུད་རྩི་བྱིན་རླབས། འོད་འཆང་མ་རྣམས་ཀྱི་བྱིན་རླབས་བདེ་མཆོག་ཡབ་ཡུམ་གྱི་གོ་ཆའི་བྱིན་རླབས་སོ་སོ། ཀུ་རུ་ཀུལླེ་ལྷ་ལྔ་དཱ་ན་ཤཱི་ལའི་ལུགས་ཀྱི་དབང༌། འཇམ་དབྱངས་ཨ་ར་པ་ཙ་ན་དང༌། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྗེས་གནང༌། དཔལ་ལྡན་བླ་མ་དམ་པས་མཛད་པའི་ཁྲིད་ཡིག་གི་ངོ་སྤྲོད་དང་བཅས་པའི་ཐོག་ནས་རྒྱ་བོད་ཀྱི་སྦྱོར་བ་ཡན་ལག་དྲུག་པའི་མན་ངག་ཐམས་ཅད་ཀྱི་བརྒྱུད་པ་འདུས་པའི་ཁྲིད་མྱོང་ཁྲིད་དུ་མཛད་ལ། ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག་དབོན་པོ་ཀུན་དགའ་ལེགས་རིན་པས་མཛད་པ་སོགས་ལུང་གི་ཚོགས་མཐའ་ཡས་པ་ཞིག་གསན་པ་ཡིན་ནོ། །ཡང་དབུས་གཙང་གི་ཆོས་གྲྭ་དུ་མར་དགེ་འདུན་བརྒྱ་ཕྲག་མང་པོ་ལ་གསུང་ངག་རིན་པོ་ཆེ་ཚར་ལྔ་བཅུ་རྩ་གཅིག་ལ་སོགས་པ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་མཛད་པ་མུས་ཆེན་སངས་རྒྱས་རིན་ཆེན་དཔལ་བཟང་པོ་ལས་ཀྱང་དཔལ་ཀྱེ་རྡོ་རྗེ་རྒྱུ་ལམ་གྱི་དབང༌། བདེ་མཆོག་ནག་པོ་པའི་དབང༌། བདེ་མཆོག་དཀར་པོའི་བྱིན་རླབས་ཁྲིད་དང་བཅས། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་པའི་རིམ་པ་རྣལ་འབྱོར་བཞིའི་ཉམས་ཁྲིད་དང༌། མཚན་མོ་རྒྱུ་བ། རྭ་རྩེ་སེམས་འཛིན། མཚན་མ་གྱེན་སྒྲེང་རྣམས་ཀྱི་ཁྲིད། མན་ངག་གི་ཡི་གེ་རྭ་པོད་དུ་གྲགས་པའི་ལུང༌། སྐྱེ་མེད་དོ་པའི་ལུགས་ཀྱི་བདུད་ཀྱི་སྤྱོད་ཡུལ་གྱི་ཁྲིད། སེམས་དཔའ་ཆེན་པོས་མཛད་པའི་ཡི་གེ་རྣམས་ཀྱི་ལུང་དང་བཅས་པ། རྗེ་ཉིད་ཀྱི་བཀའ་འབུམ་ཕལ་ཆེ་བའི་ལུང༌། དུད་སོལ་ལྷ་མོ་ཕྱི་སྒྲུབ་དང༌། དུར་ཁྲོད་བདག་པོའི་རྗེས་གནང་རྣམས་གསན་པ་ཡིན་ཅེས་