R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༨༠
[A:༢༨༠]དཔལ་ལྡན་རིན་ཆེན་གྱིས་གསང་སྟེ་སྟོན་པའི་སློབ་དཔོན། མཁས་པའི་མཁས་པ་མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས་པས་དུས་སྒོ་བ། རབ་འབྱམས་སྨྲ་བ་ཆོས་སྐྱོང་བཟང་པོས་ཞུ་བ་པོ་མཛད་དེ། ཁ་སྐོང་བར་འོས་པའི་དགེ་སློང་བརྒྱད་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཐོབ་པར་མཛད་ལ། མཚན་ཡང་སྔར་ལས་ཅུང་ཟད་སྤེལ་ཏེ། ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་ཏོ། །བསྟན་པའི་རྩ་ལག་མཁས་ཀུན་དགའ་བའི་གཞི། །ཉེས་པ་ཀུན་སྤང་ཡོན་ཏན་ལེགས་རྫོགས་པའི། །བློ་གྲོས་གསལ་ལྡན་ངུར་སྨྲིག་རྒྱལ་མཚན་ཅན། །བསྟན་པའི་དཔལ་གྱུར་མཛད་པ་བཟང་པོ་གང༌། །ཁྱོད་ཀྱིས་ཉེས་པའི་རྩ་བ་དྲུང་ཕྱུང་ཞིང༌། །ཐོབ་བྱའི་ཡོན་ཏན་མཐའ་དག་རྫོགས་བཞིན་དུ། །བསྟན་ལ་རིམ་གྱིས་བསླབ་པའི་སྒྱུ་འཕྲུལ་གྱིས། །བྱིས་པའི་འགྲོ་བ་རྗེས་འཛིན་འདི་ངོ་མཚར། །མཁན་པོ་ཆོས་ཀྱི་རྗེ་དེ་ཉིད་ལས་དཔལ་ཀྱེ་རྡོ་རྗེའི་རྒྱུ་དུས་ཀྱི་དང་ལམ་དུས་ཀྱི་དབང༌། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ཁྲིད་དང་བཅས་པའི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རིག་གཏད་དང༌། ལུང་གི་རྣམ་གྲངས་འགའ་ཞིག་གསན། ལས་ཀྱི་སློབ་དཔོན་མཚུངས་པ་མེད་པའི་མཁྱེན་རབ་མངའ་བ་དེ་ལས་ཀྱང་དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་རྩ་འགྲེལ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ་སློབ་དཔོན་སངྒྷ་བྷ་དྲས་མཛད་པ། སོ་སོར་ཐར་པའི་མདོའི་ལུང་རྣམས་གཙོ་བོར་གསན། ཞོར་ཉན་འཇམ་དཔལ་དཔའ་བོ་གྲུབ་པ་དང༌། ནག་པོ་ཆེན་པོ་ལྕམ་དྲལ་གྱི་རྗེས་གནང༌། རྗེ་ཉིད་ཀྱི་གསུང་རབ་འགའ་ཞིག་གི་ལུང་ནོས་ལ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་བདག་ཆེན་ཐམས་ཅད་མཁྱེན་པ་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་