R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༧༩
[A:༢༧༩]པ་ཇོ་ནང་འགྱུར་ལ། ཀུན་མཁྱེན་ཆེན་པོའི་ས་བཅད་དང་བཅས་པ། བརྟག་གཉིས་ཀྱི་འགྲེལ་པ་རྡོ་རྗེ་སྙིང་པོས་མཛད་པ། དཔལ་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་སྟོད་འགྲེལ། ཀུན་མཁྱེན་ཆེན་པོས་མཛད་པའི་དུས་འཁོར་གྱི་སྒྲུབ་ཐབས་དཔག་བསམ་སྙེ་མ། དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ་དང་ཡེ་ཤེས་ཆུ་རྒྱུན། སྦྱིན་སྲེག་ནང་གི་མུན་སེལ། སྦྱོར་བ་ཡན་ལག་དྲུག་པའི་ཡི་གེ་ཆོས་རྗེ་ཕྱོགས་རྒྱལ་བས་མཛད་པ་རྣམས་ཀྱང་གསན་ནོ། །དེ་ནས་བདག་ཅག་གི་བླ་མ་རང་ཉིད་འཁོར་བའི་ཆུ་བོ་ལས་རིང་དུ་བསྒལ་ཞིང༌། གཞན་དག་ཀྱང་སྒྲོལ་བ་ལ་གཅིག་ཏུ་དགོངས་པ་འདིའི་ཐུགས་ལ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ལ་མ་རྫོགས་པ་ནི་བྱིས་པ་མིག་མཆི་མས་གང་བ་དང་འདྲ་ཞིང༌། སོ་སོར་ཐར་པའི་ལས་སྒྲུབ་པ་དང་ལས་ཀྱི་ཆོ་ག་ལ་མི་དབང༌། དེ་ལ་མི་དབང་ན་གསང་སྔགས་ཀྱི་རྒྱུད་སྟོན་པ་པོ་དང༌། དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་ཁྱད་པར་ཅན་དུ་ཅུང་མི་འགྱུར་བར་མཁྱེན་ནས། ཉིད་ཀྱི་དགུང་ལོ་ཉི་ཤུ་བཞེས་པ་མེ་ཕོ་འབྲུག་གི་ལོའི་ཧོར་ཟླ་དང་པོ་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཟླ་བའི་ཡར་ངོའི་ཚེས་བཅོ་ལྔའི་མཚན་མོའི་ཆ་ལ་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་པོའི་སྙིང་པོར་གྱུར་པ་སྒོ་རུམ་ཆོས་ཀྱི་ཕོ་བྲང་དུ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོའི་ཞབས་སྟེགས་ཀྱི་སེང་གེའི་ཁྲི་ལ་བཞུགས་པའི་ཡོངས་འཛིན་དམ་པ་དཀོན་ཅོག་འཕེལ་བའི་ཞལ་སྔ་ནས་ཀྱི་མཁན་པོ་མཛད། བདེ་བར་གཤེགས་པའི་རིང་ལུགས་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་ཅན་འཇམ་པའི་དབྱངས་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོས་ལས་ཀྱི་སློབ་དཔོན། ཆོས་ཀྱི་རྗེ་ཟུར་ཁང་པ་