R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༧༨
[A:༢༧༨]མཐའ་བར་དགེ་ངོ་སྤྲོད་དང་བཅས་པ། ཆོས་རྗེ་ཕྱོགས་རྒྱལ་བས་མཛད་པ། དབང་མདོར་བསྟན་པའི་རྒྱུད། ཉི་ཟླ་སྒྲུབ་པ། སྦྱོར་དྲུག་གི་གཞུང་ཤ་བ་རིས་མཛད་པ། དེའི་མན་ངག་ཇོ་ནང་ཀུན་སྤངས་ཆེན་པོས་མཛད་པ་རྣམས་གསན་ལ། དཔལ་སྡོམ་པ་ཆེན་པོའི་དབང་བསྐུར་བ་དང༌། ཀུན་མཁྱེན་ཆེན་པོ་དོལ་པོ་བས་མཛད་པའི་དུས་ཀྱི་འཁོར་ལོའི་བསྟོད་ཆེན། ངོ་སྤྲོད། འཕོ་བ། སྨོན་ལམ་སྟེ་ཁྱད་འཕགས་གསུམ། རི་ཆོས་ངེས་དོན་རྒྱ་མཚོ། བསྟན་པ་སྤྱི་འགྲེལ། བཀའ་བསྡུ་བཞི་པ་རྩ་འགྲེལ་སོགས་གསན་ཞིང༌། རྒྱུད་འགྲེལ་གྱི་ལུང་གཞན་དུ་གསན་པའི་རྗེས་སུ། རྡོ་རྗེ་སློབ་དཔོན་བདག་པོ་དང༌། བདག་པོ་ཆེན་པོའི་དབང་བསྐུར་ཏེ་ལུགས་འདིའི་བསྟན་པ་མཐའ་དག་བསྟོད་པར་མཛད་པ་ལྟར། དེང་སང་ཇོ་ནང་པའི་ལུགས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་སྨིན་གྲོལ་ཡ་མ་བྲལ་བའི་མྱོང་ཁྲིད་རང་བཟོས་མ་སྦགས་པ་རེ་རེ་ཙམ་གནས་པ་ནི་བདག་ཅག་གི་བླ་མ་དམ་པ་འདིའི་སྐུ་དྲིན་དུ་ཤེས་པར་བྱའོ། །འཁོར་འདས་ཀུན་ཁྱབ་ངེས་དོན་དུས་འཁོར་ལོ། །ཟག་མེད་དགའ་བ་བཞི་པའི་དཔལ་འབར་བ། །སྒྲིབ་མེད་ལེགས་པར་རྟོགས་པའི་བློ་གྲོས་ཅན། །ཁྱོད་ནི་རིགས་ལྡན་གྲགས་པ་མངོན་སུམ་བཞིན། །ནམ་མཁའི་རྣལ་འབྱོར་ཆོས་ཚུལ་སྐྱོང་མཁས་དེའི། །གསུང་གི་གསང་བ་འཛིན་པ་མང་ན་ཡང༌། །སྲིད་མཐར་ཟབ་ལམ་སྤེལ་བའི་མཛད་པ་ཅན། །ཁྱོད་ཉིད་གཅིག་པུར་ངེས་པ་འདི་ངོ་མཚར། །བླ་མ་དེ་ཉིད་ཀྱི་གདན་ས་ལ་བཞུགས་ན་ཟབ་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་སྒྱུར་བ། ལུང་དང་རིགས་པའི་ཡོན་ཏན་ཐམས་ཅད་ལ་མངའ་བརྙེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ལྡན་རིན་ཆེན་གྱི་ཞབས་ལས། དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད། རྒྱ་ཆེར་འགྲེལ་པ་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་