R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༧༡
[A:༢༧༡]བམ་གྱི་ལུང༌། མགོན་པོ་གྲི་གུག་བཞི་སྦགས་ཀྱི་རྗེས་གནང་སོགས་ཆོས་ཀྱི་ཚུལ་དུ་མ་ཞིག་གསན་ཞིང་མངོན་དུ་མཛད་པ། བླ་མ་འདི་ལ་ངེས་པར་རྡོ་རྗེ་འཆང་ཁོ་ནའི་ཐུགས་འདུན་མངའ། ཟླ་བ་བྱུང་ངོ་ཅོག་གི་བཅོ་ལྔ་མཆོད་པ་ལ་དཔལ་དུས་ཀྱི་འཁོར་ལོ་ཡོངས་རྫོགས་སམ། དཔལ་མཁའ་འགྲོ་རྒྱ་མཚོའི་མཎྜལ་སྒྲུབ་མཆོད་ནམ་དུ་ཡང་མ་ཆག་པར་མཛད་དེ། མདོར་ན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་འདི་གཉིས་བདག་ཅག་གི་འདྲེན་པ་དམ་པ་འདིའི་རིགས་ཀྱི་བདག་པོ་ཐུན་མོང་མ་ཡིན་པ་བདག་ཅག་རྣམས་ཀྱང་ལོངས་སྤྱོད་སུ་ཆེ་དང༌། སྟོང་འུར་སུ་ཆེའི་རྗེས་སུ་མི་འབྲང་བར་ཅི་ནུས་ཀྱི་གྲུབ་མཐའ་འཛིན་ཞིང་གསོལ་བ་འདེབས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གཞན་ཡང་དཔལ་ཞ་ལུའི་གདན་ས་བརྒྱད་པ་རིག་པ་གྲོལ་བར་སྨྲ་བ་མཐའ་དག་གི་གཙུག་གི་ནོར་བུ་མཁས་པའི་དབང་པོ་དཀོན་ཅོག་ཚུལ་ཁྲིམས་ཀྱི་ཞལ་སྔ་ནས་ཉེ་བར་བསྟེན་ཏེ། གདན་ས་ཆེན་པོ་དང་ཆུ་འདུས་ལ་སོགས་པར་བྱོན་ཏེ། སྔ་ཕྱིར་ཆོས་གསན་པ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དབང༌། བྱིན་རླབས། ཁྲིད། བླ་མ་རྒྱ་བོད་ཀྱི་རྣམ་ཐར་ནས་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་རྗེ་ཉིད་ཀྱིས་མཛད་པའི་བར་གྱི་རྣམ་ཐར་རྫོགས་པ། གླེགས་བམ། ལམ་འབྲས་པོད་ནག་མ། གཞུང་བཤད་སྲས་དོན་མ། དམར་མ་བར་སྟོན་ཟིན་བྲིས་དང་བཅས་པ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ཁྲིད་དང་བཅས་པ་ཚར་གསུམ་ཁུག་པའི་བྱིན་རླབས། ཤིན་ཏུ་ཉེ་བརྒྱུད་ལས་འོངས་པའི་མན་ངག །བརྡ་དོན་གསལ་བའི་ཁྲིད་བྱིན་རླབས་དང་བཅས་པ། གདམས་ངག་གི་ཡི་གེ་པོ་ཏི་དམར་ཆུང༌། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཉམས་ཁྲིད་དང༌། དེའི་བྱིན་རླབས་སོགས་