R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༧༠
[A:༢༧༠]གུར་གྱི་མགོན་པོ་ལྕམ་དྲལ་དང༌། ལྷ་བརྒྱད་ཀྱི་རྗེས་སུ་གནང་བ། སྒྲུབ་ཡིག་གསང་བ་ཡིད་བཞིན་ནོར་བུ་སོགས་ཕྱི་སྒྲུབ་ཀྱི་ཡི་གེ་མང་པོ་དང༌། ནང་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་པའི་འཁྲིད། གསང་བ་ཐུན་མོང་མ་ཡིན་པའི་མན་ངག་རྣམས་དང་བཅས་པ། སྟོབས་འཕྲོག་དབང་པོ་གདོང་བཞི་པའི་བསྙེན་དུས་ཀྱི་རྗེས་གནང༌། སྒྲུབ་དུས་ཀྱི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ། སྤོགས་ཆོག་གི་མགོན་པོ། དམ་ཚིག་གི་མགོན་པོ་རྣམས་ཀྱི་རྗེས་སུ་གནང་བ། མན་ངག་གི་ཡི་གེ་རབ་ཏུ་མང་པོ་རྣམས་ཀྱི་ལུང༌། དམར་པོ་སྐོར་གསུམ་གྱི་རྗེས་གནང་མན་ངག་དང་བཅས་པ་རྣམས་གསན་ཞིང༌། གཞན་ཡང་མཁས་གྲུབ་ཆེན་པོ་ཤངས་པ་གདུ་བུ་བའི་མན་ངག་ཟབ་མོ་ནི་གུའི་ཆོས་དྲུག་གི་ཁྲིད། བྱིན་རླབས་ཁོག་ཕུགས་ཀྱི་བཀའ་གཉིས། གཞུང་ཤིང་གི་བཀའ་བརྒྱད། སྒྱུ་མ་ལམ་རིམ་སོགས་ཡི་གེ་ཕལ་ཆེ་བའི་ལུང་དང་བཅས་པ། དྭགས་པོ་བཀའ་བརྒྱུད་ལ་གྲགས་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་དང༌། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ཡི་གེ་དང་བཅས་པ། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས་ཀྱི་ཁྲིད། ཐུགས་རྗེ་ཆེན་པོ་ལྷ་ལྔའི་དབང༌། སྤྱི་བོ་ལྷས་པ་རྗེ་བླ་མ་དམ་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་འབའ་ར་བ་རྣམས་ཀྱིས་མཛད་པའི་ཡི་གེའི་ལུང༌། སྙིང་པོ་དོན་གསུམ་གྱི་ཁྲིད། ཞེན་པ་བཞི་བྲལ་གྱི་ཁྲིད། ཐུགས་རྗེ་ཆེན་པོ་གསང་སྒྲུབ་བཅུ་གསུམ་མའི་དབང༌། རྗེ་མི་ཏྲས་མཛད་པའི་སྒྲུབ་ཐབས་སོགས་ཡི་གེ་མང་པོ། ཚེ་དཔག་མེད་ལྷ་གཅིག་བུམ་གཅིག །ཕྱག་ན་རྡོ་རྗེ་ཨུ་ཙརྻ་ཁྱུང་ཁྲ། སྨེ་བརྩེགས། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། སྣ་ཚོགས་ཡུམ། ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ་རྣམས་ཀྱི་རྗེས་གནང༌། དེ་དག་དང་འབྲེལ་བའི་ཆོས་སྐོར་མང་པོ་དང༌། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཁྲིད། བཀའ་གདམས་གླེགས་