R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༦༦
[A:༢༦༦]ཀྱིས་མཛད་པའི་མདོ་རྩའི་ཊཱིཀྐ་དང༌། འདུལ་བའི་བསླབ་བྱ་རྒྱས་པ་རྣམས་གསན་ཏེ། བླང་དོར་གྱི་གནས་ལ་མཁས་པའི་ཕུལ་དུ་ཕྱིན་པར་མཛད་ལ། ཆོས་གྲྭ་དེའི་མཁན་པོ་པཎ་ཆེན་བསོད་ནམས་ཡེ་ཤེས་ལས་ཀྱང་གོང་དུ་སྨོས་པ་དེ་དག་ཕལ་ཆེར་གསན་པ་ཡིན་ནོ། །དེ་ནས་དགུང་ལོ་བཅུ་དྲུག་བཞེས་པའི་ཚེ་ཆོས་རྗེ་ཀུན་དགའ་རྒྱ་མཚོ་བ་ཞིང་གཞན་དུ་གཤེགས་པའི་དབང་གིས་སླར་གདན་ས་ཆེན་པོར་ཕེབས་ཏེ་དགོངས་པ་རྫོགས་ཐབས་ཀྱི་གསོལ་འདེབས་ཕུན་སུམ་ཚོགས་པ་སྒྲུབ་པའི་ཞལ་བཀོད་མཛད་ཅིང་དམ་པ་དེའི་རྒྱལ་ཚབ་ཏུ་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་དང༌། དད་དང་སྐལ་བར་ལྡན་པའི་གྲྭ་པ་སྦྱིན་བདག་རྣམས་ཀྱིས་གསོལ་བ་བཏབ་པའི་དབང་གིས་ཞལ་གྱིས་བཞེས་ཤིང༌། ལུགས་གཉིས་ནས་སྡེ་དང་བསྟན་པའི་བྱ་བ་བསམ་གྱིས་མི་ཁྱབ་པ་སྒྲུབ་པར་མཛད་པ་ཡིན་ནོ། །དགུང་ལོ་བཅུ་བདུན་བཞེས་པའི་ཚེ་བདག་ཆེན་ཆོས་ཀྱི་རྒྱལ་པོ་སྐྱེད་ལྷས་པ་ཆེན་པོའི་ཞལ་སྔ་ནས་ཀྱི་ཞབས་དྲུང་དུ་ཉེ་བར་བསྙེན་ནས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བདེ་བར་གཤེགས་པའི་གསུང་རབ་མདོ་རྒྱུད་ཐམས་ཅད་ཀྱི་དོན་གྱི་བཅུད་དབྱུང་བའི་མན་ངག་གི་ཉིང་ཁུ་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པའི་གསུང་གི་མན་ངག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལ་སྙན་བརྒྱུད་བཞི་བར་མ་ཆད་པར་བྱོན་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་མན་ངག་གི་སྐུ་དྲིན་ནོད་པར་མཛད་དེ། དེ་ཡང་ཐོག་མར་སྣང་བ་གསུམ་གྱི་འཁྲིད་རྫོགས་པའི་རྗེས་སུ་མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་པའི་སེམས་བསྐྱེད། དབང་གི་མངོན་པར་རྟོགས་པ་བདུན་ཚང་བའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་སྨིན་བྱེད་ཀྱི་དབང་བསྐུར་བ་ནས། དེའི་ཚེ་དབང་གི་ཡེ་ཤེས་ཕབ་པའི་དུས་བདེ་སྟོང་