R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༦༧
[A:༢༦༧]གཉིས་སུ་མེད་པའི་བདག་ཉིད་ཅན་མཚོན་བྱེད་དཔེའི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་ཐུགས་ལ་འཁྲུངས། ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་གྲོལ་བྱེད་ལམ་གྱི་དབང༌། རྗེ་བཙུན་བདག་མེད་མའི་དབང་བཞི་ཡོངས་སུ་རྫོགས་པ་དང༌། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་རྣམས་སྔོན་དུ་འགྲོ་བའི་གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ཁྲྀད་ཡོངས་སུ་རྫོགས་པ་ཉམས་ཁྲིད་དུ་གསན་ནས། དེ་དང་རྗེས་སུ་འབྲེལ་བའི་བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ། གླེགས་བམ་པོད་དམར་མའི་ཕལ་ཆེ་བ་རྣམས་ཀྱི་ལུང༌། ལམ་སྦས་བཤད་ཀྱི་ཁྲིད། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་རྣམས་དང༌། སེམས་དཔའ་ཆེན་པོ་མུས་པས་མཛད་པའི་མངོན་རྟོགས་ཡན་ལག་དྲུག་པ་ལ་བཤད་པ་ཕྱག་ཁྲིད་དང་བཅས་པ། གཞལ་ཡས་ཁང་མངོན་བྱང་རྒྱས་བཏབ། བདུད་རྩི་བྱིན་རླབས་བདུད་རྩི་རིལ་བུ་སྒྲུབ་པ། རྡོ་རྗེ་དྲིལ་བུའི་རྣམ་བཤད། རྩ་ལྟུང་གི་འགྲེལ་པ་རྣམས་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་མཛད་པའི་ལུང༌། རྗེ་བཙུན་ཆེན་པོས་མཛད་པའི་ཚོགས་འཁོར་འབྲིང་པོ། རྩ་ལྟུང་འཁྲུལ་སྤོང༌། ཧེ་རུ་ཀའི་ཆས་དྲུག་གི་བཤད་པ་རྣམས་གསན་ཞིང༌། དེ་ལྟར་དབང་གི་ཆུ་བོ་མ་ནུབ་པ་སོགས་སྙན་བརྒྱུད་བཞིས་གདམས་ཤིང་ཉམས་མྱོང་ཚད་མ་ཕྱིན་ཅི་མ་ལོག་པ་ཐུགས་ལ་འཁྲུངས་པས་ཚད་མ་བཞི་དང་ལྡན་པར་གྱུར། སྐུའི་སྐྱེ་བ་འདིའི་ཐུགས་དམ་ཟབ་མོ་ཡང་ཆོས་ཀྱི་རྒྱལ་པོ་འདི་ཉིད་ལ་རྒྱུ་དབང་གསན་པའི་ཚེ་འཁྲུངས་པའི་དོན་གྱིས་བླ་མ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་འཛིན་ཞིང་མི་ཕྱེད་པའི་དད་པ་བརྟན་པོ་མངའ་བས་མཚན་བརྗོད་པའི་ཚེ་ཡང་སྤྱན་ཆབ་འབྱིན་པ་དང༌།