R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༦༤
[A:༢༦༤]དོན་མཐུན་མཚན་དང་ལྷན་ཅིག་ཏུ། །མང་པོའི་མཁན་པོར་འགྱུར་བའི་ལུང་བསྟན་ཐོབ། །སྐྱོན་བརྒྱས་ཕྱུག་པའི་འཁོར་བའི་ཁྱིམ་ཐབས་གང༌། །དེ་རྒྱུ་བག་ཆགས་བཅས་པ་མ་ལུས་པ། །སྤངས་ནས་རིང་མོ་ཞིག་ཏུ་ལོན་ཀྱང་སླར། །རབ་ཏུ་འབྱུང་བའི་རྣམ་རོལ་འདི་ངོ་མཚར། །གཞན་ཡང་བདག་ཅག་གི་མཁན་པོ་གཞལ་དུ་མེད་པའི་ཡོན་ཏན་ལ་མངའ་འབྱོར་བ་འདི་ནི་ངེས་པར་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོ་ཉིད་དུ་ལྷུན་གྱིས་གྲུབ་པ་ཡིན་མོད་ཀྱི་བྱིས་པ་རྣམས་གཞུག་པའི་སླད་དུ་བསླབ་སྦྱངས་ཀྱི་ཚུལ་སྟོན་པར་མཛད་དེ་མཚན་ཉིད་དང་ལྡན་པའི་བཤེས་གཉེན་དུ་མ་ཞིག་མཉེས་པར་མཛད་ནས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་བསམ་གྱིས་མི་ཁྱབ་པ་ཞིག་གསན་ཅིང་ཐུགས་སུ་ཆུད་པར་མཛད་པ་ལས་ཐོག་མར་རང་གི་ཁུ་བོ་རྣལ་འབྱོར་གྱི་དབང་ཕྱུག་ལས་ཡོན་ཏན་ཐམས་ཅད་ཀྱི་གཞི་ཀློག་བསླབ་པར་མཛད་པའི་ཚེ། ཆོས་རྗེ་དེས་ཀ་ཁ་ཚར་གཅིག་གསུངས་པ་ཙམ་གྱིས་ཐུགས་སུ་ཆུད་ཅིང་ཀློག་ཡིག་ཐམས་ཅད་ཚེགས་མེད་དུ་བདེ་བླག་ཏུ་མཁྱེན། དགུང་ལོ་བཅུ་གཅིག་བཞེས་པའི་ཚེ་སློབ་དཔོན་བསྟན་པ་དར་བ་ལ་དཔལ་ས་སྐྱའི་ཤར་གླིང་ན་བཞུགས་པའི་དྲུང་དུ་བརྟེན་ཏེ། དཔལ་ལྡན་བླ་མ་དམ་པས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་མངོན་པར་རྟོགས་པ་ཡན་ལག་དྲུག་པ། དཀྱིལ་འཁོར་བདུན་བསྲེས་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པས་མཛད་པ། ཆོས་ཀྱི་རྒྱལ་པོ་འཕགས་པས་དབང་ཆུ་དང༌། པཎ་ཆེན་མ་ཏིས་མཛད་པའི་སྦྱིན་སྲེག་རྣམས་གུང་བསྒྲིགས་པའི་སྒྲུབ་མཆོད་རྒྱས་པའི་ཕྱག་འཁྲིད་དང༌། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཀུན་རིག་གི་ཆོ་ག་གཞན་ཕན་སྙེ་མ་དང༌། རབ་ཏུ་གནས་པའི་ཆོ་ག་དོན་གསལ་ལ་ཕྱག་འཁྲིད་མཛད་དེ་ཚིག་དོན་ཐམས་ཅད་ཐུགས་སུ་ཚུད། ས་སྐྱ་ཟུར་ཁང་པ་ཆོས་ཀྱི་རྗེ་དཔལ་ལྡན་རིན་ཆེན་གྱི་དྲུང་དུ་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པའི་ཊཱི་ཀ་དག་ལྡན་སྙེ་མ་དང༌། དེའི་དཀའ་འགྲེལ་སྙེ་མའི་སྟེང་ནས་བཤད་བཀའ་རྫོགས་པར་གསན་ཞིང་ཚིག་དང་དོན་ལ་རྒོལ་བས་མི་བརྫི་བའི་སྤོབས་པ་ཐོབ།