R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༦༣
[A:༢༦༣]བར་བརྟས་པའི་དབང་གིས་གསུང་དེ་ཐོས་པ་ཙམ་གྱིས་གཙུག་ཕུད་ཅན་གྱིས་འབྲུག་སྒྲ་ཐོས་པ་བཞིན་དུ་ཐུགས་ལ་དགའ་བ་དང་སྤྲོ་བ་བསམ་གྱིས་མི་ཁྱབ་པ་ཐོབ། ཡབ་ཡུམ་རྣམས་ཀྱིས་ཀྱང་ཇི་ལྟར་བཀའ་སྩལ་པ་བཞིན་ལྷུར་བླངས་ཏེ། ཟིལ་གནོན་ཞེས་བྱ་བ་མེ་ཕོ་རྟའི་ལོ་ཟླ་བ་བཅུ་པའི་ཚེས་བརྒྱད་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་གདུལ་བྱའི་དབང་ལས་གནས་བརྟན་འདུལ་བ་འཛིན་པ་ཐམས་ཅད་ཀྱི་གཙུག་རྒྱན་དུ་སྐུ་སྤྲུལ་པ་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་ཀྱིས་མཁན་པོ། ལུང་དང་རིགས་པའི་ནོར་གྱིས་རྒྱུད་ཕྱུག་པ་སློབ་དཔོན་བསྟན་པ་དར་བས་དགེ་ཚུལ་གྱི་སྡོམ་པ་སྟེར་བའི་སློབ་དཔོན། གཞུང་ལུགས་རབ་འབྱམས་འཛིན་པའི་བཤེས་གཉེན་དཔལ་ལྡན་ས་སྐྱའི་གཞུང་ལས་པ་ཀུན་དགའ་བཤེས་གཉེན་གྱིས་གྲིབ་ཚོད་པ། མཁྱེན་བརྩེའི་བདག་ཉིད་ཆོས་རྗེ་དཔལ་ལྡན་རིན་ཆེན་པ་དང༌། དགེ་སློང་བློ་གྲོས་རྒྱལ་པོ་བས་ཁ་སྐོང་མཛད་དེ། བཀྲ་ཤིས་ཀྱི་གཙུག་ལག་ཁང་དཔལ་ལྡན་ས་སྐྱའི་གཞི་ཐོག་བླ་བྲང་དུ་རབ་ཏུ་བྱུང་ཞིང༌། ཚིགས་སྔ་མ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་ནོས་ཤིང༌། དེའི་ཚེ་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞལ་ནས་ཁྱོད་མ་འོངས་པ་ན་རབ་ཏུ་བྱུང་བ་བསྙེན་པར་རྫོགས་པ་མང་པོའི་མཁན་པོ་བྱེད་དགོས་པས་མིང་ལེགས་པོ་ཞིག་འདོགས་དགོས་གསུང༌། མ་འོངས་པའི་གནས་ཚུལ་གསལ་བར་ལུང་སྟོན་པ་དང་ལྷན་ཅིག་ཏུ་མཚན་ཀུན་དགའ་ལེགས་པའི་བློ་གྲོས་ཞེས་གསོལ་ཏོ། །མཁས་ཀུན་དགའ་བྱེད་ལེགས་པའི་ལམ་མཐའ་དག །ཚུལ་བཞིན་རྟོགས་པའི་ཟབ་གསལ་བློ་གྲོས་མཆོག །མངའ་སླད་