R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༦༢
[A:༢༦༢]ཡོངས་སུ་རྫོགས་པར་ནོས་ཏེ། ཕུང་ཁམས་སྐྱེ་མཆེད་དང་པོའི་དབང་གིས་སྨིན་པར་མཛད། གཞན་ཡང་ཆོས་རྗེ་སྐུ་མཆེད་དེ་གཉིས་ལས་ཚེ་དཔག་མེད་ལྷ་དགུ། སྒྲོལ་དཀར། ཕྱག་ན་རྡོ་རྗེ་ཨུ་ཙཱརྻ་རྣལ་འབྱོར་དབང་ཕྱུག་གི་བྱིན་རླབས། མགོན་པོ་ལྕམ་དྲལ་གྱི་རྗེས་གནང་སོགས་དུ་མ་ཞིག་གསན་པར་མཛད་དེ། དེ་ལྟར་བདག་ཅག་གི་བླ་མ་དམ་པ་འདི་བྱིས་པ་ཆུང་ངུའི་དུས་ཉིད་ནས་ཁ་ན་མ་ཐོ་བ་མཐའ་དག་ནི་རིང་དུ་སྤངས། རྙོག་པ་མེད་ཅིང་གཙང་བའི་ཀུན་ཏུ་སྤྱོད་པས་ནི་འཁྱུད་པ་བཞིན། དགེ་བའི་བཤེས་ཀྱི་མགོན་དང་བཅས་པས་དམ་པའི་ཆོས་ཀྱི་བྱ་བ་རྣམས་ལ་ངལ་བ་མེད་ཅིང་བརྩོན་ལ་སྤྲོ་བ་དང་བཅས་བཞིན་པའི་ངང་ནས་དགུང་ལོ་བཅུ་བཞེས་པའི་ཚེ། ཡབ་དང་ལྷན་ཅིག་ཏུ་དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་ཡབ་རྗེ་བཙུན་འཇམ་པའི་དབྱངས་ཉིད་ཁ་བའི་ལྗོངས་འདིར་སྙིང་པོའི་བསྟན་པ་སྤེལ་བའི་ཕྱིར། རྡོ་རྗེ་འཛིན་པའི་དེད་དཔོན་གྱི་རྣམ་པར་འཕྲུལ་པ་རྗེ་བཙུན་བརྩེ་བ་ཆེན་པོ་སྙིང་པོའི་ཞབས་ཉིད་སྙིགས་མའི་དུས་ཀྱི་འགྲོ་བ་རྣམས་ལ་རྗེས་སུ་བརྩེ་བས་སླར་ཡང་བྱོན་པ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་དྲུང་དུ་ཕྱག་འབུལ་ལ་བྱོན་པ་ན། དམ་པ་དེའི་གསུང་གིས་ཡབ་ལ་བྱིས་པ་འདི་བཙུན་པ་མི་བྱེད་པ་ཨེ་ཡིན་གསུང་པ་ལ་བཙུན་པ་བྱེད་པའི་ཁུངས་ཡིན་ཞུས་པ་ན་དེ་ག་ཤིན་ཏུ་ལེགས་ཞེས་གཟའ་སྐར་བཟང་པོ་ཞིག་ཡོད་འདུག་པས་དེ་ཉིན་རང་རབ་བྱུང་གྲུབ་པ་གྱིས་ཕེབས་པ་གསན་མ་ཐག་སྐྱེ་བ་དུ་མར་སྡུག་བསྔལ་གྱི་རྩ་བར་གྱུར་པའི་འཁོར་བའི་ཁྱིམ་ཐབ་དུག་བཞིན་དུ་རྒྱང་དུ་བསྲིངས་ཏེ། རྙོག་པ་མེད་པའི་ཚུལ་ཁྲིམས་ཀྱིས་མཛེས་པའི་བག་ཆགས་ཉེ་