R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༦༡
[A:༢༦༡]ཞེས་བྱ་བར་གསོལ་ཏོ། །ཟབ་རྒྱས་དམ་པའི་ཆོས་ཀྱི་མཛོད་བཟུང་ནས། །སྙིགས་མའི་དུས་འདིར་ཐུབ་བསྟན་སྐྱོང་མཛད་ཅིང༌། །མགོན་མེད་སྐྱེ་བོ་མང་པོའི་སྐྱབས་གཅིག་པོར། །འགྱུར་བར་ངེས་ནས་མཚན་འདི་བཏགས་སམ་སྙམ། །ཅུང་ཟད་མནོ་རྙེད་པ་ནས་སྔོན་ནས་ཡུན་རིང་དུ་གོམས་པའི་ལེགས་བྱས་ཀྱི་ས་བོན་བརྟས་པའི་མཐུས་ཐ་མལ་པའི་བྱིས་པའི་སྤྱོད་པ་ལས་འདས་ཏེ། ཕལ་ཆེར་ཏིང་ངེ་འཛིན་འབའ་ཞིག་གིས་དུས་འདའ་བ་དང༌། གསུང་གི་ཐོག་མར་ངས་ཆོས་བཤད་ཀྱི་ཁྱེད་རང་ཀུན་ཉོན་ཅིག་ཅེས་གསུངས་ལ། རྩེད་མོའི་གནས་སྐབས་ན་ཡང་ང་ཆོས་རྗེ་བྱེད་པ་ཡིན་གསུངས་ནས་གདན་མཐོན་པོ་ལ་བཞུགས་ཏེ་ཆོས་འཆད་པའི་རྣམ་འགྱུར་དང༌། རྟེན་གསུམ་དང་གཙུག་ལག་ཁང་བཞེངས་པ་སོགས་སྐྱེས་བུ་དམ་པའི་སྤྱོད་པ་ཞི་བ་དང་དུལ་བ་དང་བག་ཡོད་པས་དུས་འདའ་བར་མཛད་ཅིང༌། གོས་ལ་སོགས་པ་གཙང་བ་དང༌། ལུས་ལ་སྲིན་བུ་རྣམས་མི་འབྱུང༌། ཞེས་སྦྱོར་ལམ་རྩེ་མོ་ལ་གནས་པའི་རྟགས་སུ་བཤད་པ་དང་མཐུན་པར་གཙང་སྦྲ་ཆེ་ཞིང་སྲིན་བུ་མི་འབྱུང་བ་ལ་སོགས་པ་མདོར་ན་གཞོན་ནུ་ཉིད་ནས་དམ་པའི་གོ་འཕང་མངོན་དུ་མཛད་པའི་དགེ་མཚན་གྱིས་སྐུ་འཁོར་ན་གནས་པ་ཀུན་ཀྱང་འདི་ལ་ནི་ངེས་པར་ཆོས་ཀྱི་རྗེ་ཆེན་པོ་ཞིག་འབྱུང་ངོ་ཞེས་སྙན་པའི་གྲགས་པ་སྒྲོག་པར་བྱེད་དོ་ཞེས་ཐོས་སོ། །བྱིས་བློའི་སྤྱོད་ཡུལ་ལས་འདས་དམ་པ་ཁྱོད། །བྱིས་པའི་ཁྲོད་འདི་འདུལ་བའི་དོན་གཟིགས་ནས། །བྱིས་པའི་ཚུལ་གྱིས་ལྗོངས་འདིར་རོལ་བཞིན་དུ། །བྱིས་པའི་སྤྱོད་པ་སྤངས་པ་འདི་ངོ་མཚར། །དགུང་ལོ་དྲུག་བཞེས་པའི་ཚེ་ཁུ་བོ་ཆོས་ཀྱི་རྗེ་སངས་རྒྱས་རྒྱལ་མཚན་ལས་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བཞི་