R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༨༡
[A:༣༨༡]གཞན་མི་གདའ། ཡོད་དུ་ཆུག་ཀྱང་བླ་མ་དམ་པ་འདི་སྦྱིན་པའི་བདག་པོ་རྩིས་གནས་གསར་པའི་ཕ་དང་མ་དང༌། གཉེན་དང་གྲོགས་ཐམས་ཅད་གཙོ་བོའི་ཚབ་ཡིན་ལ། སྐུ་དྲིན་གྱི་ཆ་ཕྲ་མོ་རེ་རེ་ནས་བསམས་ཀྱང་ཁྱེར་བའི་མཐའ་མ་མཆིས་པ་ལ་མ་མཆིས་པར་ངོ་ཤེས། ཐག་ཆོད་སྲོག་ཀྱང་དམ་པ་འདིའི་ཕྱོགས་སུ་གཏོང་བ་ལ་ཐེ་ཚོམ་དང་ཡ་འུད་ཅི་ཡང་མེད་པའི་ཞལ་ངོ་ཡབ་ཡུམ་སྲས་དང་བཅས་པའི་མི་ཕྱེད་པའི་དད་པ་ཆེན་པོས་ཀུན་ནས་བླངས་ཏེ་བསྒྲུབས་པ་ཡིན་ལ། འགྱེད་ཆས་རྣམས་ལ་སློབ་མ་གཞན་གྱིས་གདུང་འབུལ་ལ་བྱུང་བ་དང༌། ཕྱག་གི་རྟེན་དང་ཕྱག་དཔེ་སོགས་ཀྱང་ཅུང་ཟད་སོང༌། མདོར་ན་བླ་མ་འདིའི་ཕྱོགས་སུ་བདག་ཅག་རྣམས་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་སྐལ་པའམ་སྐལ་པ་བས་ལྷག་པར་ཉིན་རེ་བཞིན་ཡང་འབུམ་ཕྲག་དུ་མ་བཏང་ཀྱང་ཆེས་ཆུངས་པ་ཁོ་ན་ལས་མ་མཆིས་མོད་ཀྱང༌། རེ་ཞིག་བདག་ཅག་རྣམས་ཀྱི་ནུས་པ་དེ་ཙམ་དུ་ཟད་དོ། །གྲངས་མེད་བསྐལ་པར་ཚོགས་གཉིས་ལེགས་གོམས་པས། །ཚད་མེད་སྐུ་དང་ཞིང་ལ་མངའ་བརྙེས་སླད། །དཔག་མེད་མཆོད་པས་དུས་ཀུན་མཉེས་ལགས་མོད། །མགོན་མེད་བདག་སོགས་བསོད་ནམས་སྤེལ་སླད་དུ། །མཐའ་ཡས་དགེ་འདུན་འདུས་པའི་བསྙེན་བཀུར་ཞིང༌། །བསམ་ཡས་སྐྱེ་བོའི་སྦྱིན་གཏོང་རྒྱ་ཆེར་བགྱིས། །བགྲངས་ཡས་རྒྱལ་བའི་དཀྱིལ་འཁོར་མཆོད་པ་སོགས། །དཔག་ཡས་དགེ་བས་ཉིན་མཚན་འདའ་བར་བགྱིས། །དེ་དག་གི་དུས་ཐམས་ཅད་དུ་མཚན་མོ་ཆར་གྱི་རྒྱུན་ཡིད་དུ་འོང་བ་འབབ་ཅིང༌། ཉིན་མོ་ནི་ནམ་མཁའ་ཡོངས་སུ་དག་པ་ཨནྡ་རྙིལ་གྱི་མེ་ལོང་ལྟར་དྭངས་པའི་ངོས་སུ། སྣ་ལྔ་