R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༨༢
[A:༣༨༢]པ་དང༌། ཁ་དོག་དཀར་པོ་འཇའི་གུར་དང༌། དར་བརྐྱང་པ་ལྟ་བུ་དང༌། པ་ཏྲ་ལྟར་འཁྱིལ་བ་དང༌། ཀུ་ཤའི་ཆུན་བུ་ལྟ་བུ་དང༌། གདུགས་དང༌། བ་དན་དང༌། མི་དང་སྲོག་ཆགས་ཀྱི་གཟུགས་བརྙན་དུ་མ་ཤར་ནུབ་ཏུ་འགྲོ་ཞིང་སྣ་ཚོགས་སུ་སྣང་བ་དང༌། མེ་ཏོག་འདབ་མ་བཞི་པ་དང༌། བརྒྱད་པ་སོགས་ནམ་མཁའ་ནས་ཕུབ་ཙམ་ལྡིང་ཞིང་འཁོར་བ་ལག་པས་བསྙོགས་པ་ཙམ་ན་ཇེ་མཐོར་འགྱུར་བ་དང༌། མེ་ཏོག་གི་འཕྲེང་བ་འདོམ་རེ་ཙམ་བར་སྣང་ལ་ཡུད་ཡུད་འཕྱང་མེ་ཏོག་དཀར་པོ་སིལ་མ་ཁ་བ་ལྟར་བབས་པས། ཉི་མ་འགྲིབ་ཐུབ་པ་དང༌། ས་གཞི་མདོག་འགྱུར་བ་བབས་ཏེ། དོན་གཉེར་རྣམས་ཀྱིས་བསྒྲུབས་པ་ན་དཀར་ཡོལ་གང་ཙམ་རྙེད་པ་ལ་ཚེགས་མེད་པ་བྱུང་ཞིང༌། ཞི་བར་གཤེགས་པའི་གནམ་གང་གི་སྔ་དྲོ་རྗེ་འདིའི་སློབ་མ། ཆོས་རྗེ་གྲགས་པ་བྱ་བའི་སྒོམ་ཆེན་པ་བཟང་པོ་ཞིག་ཁྱུད་ཚད་མ་བྱ་བའི་རི་ཁྲོད་ན་ཡོད་པས་ཉི་མ་རྩེ་ཤར་ལ་བལྟས་པ་ན། རྗེའི་གཟིམས་ཁང་གི་སྟེང་གི་ནམ་མཁའ་ལ་འཇའ་ཁ་དོག་ལྔ་ལྡན་ལས་གྲུབ་པའི་རིགས་ལྔའི་གདན་གྱི་གཟུགས་བརྙན་ཤིན་ཏུ་གསལ་བ་དང་བཅས་པའི་ཁྲི་ཕུབ་ཆེན་པོ་ཞིག་ཡུན་རིང་པོའི་བར་དུ་འདུག་པ་མཐོང༌། ཐེ་ཚོམ་དུ་གྱུར་པས་མཚམས་བཀྲོལ་ཏེ་ཞབས་དྲུང་དུ་འོངས་པ་ན་སྣང་ཚུལ་འདི་ལ་ཐུགས་འདུག་པའི་ངེས་པ་དང༌། གཞན་ཡང་གཟིམས་ཁང་གི་ནང་སྔར་ཕན་ཆད་བདག་ཅག་རྣམས་ཀྱི་སྣའི་ཡུལ་དུ་ཡོད་མ་མྱོང་བའི་དྲི་བཟང་པོ་ག་བུར་གྱི་ངད་འདྲ་བ་ལ་དེས་འགྲན་པར་མི་བཟོད་ལ་ཡིད་འཕྲོག་ཅིང་སྙིང་སང་ཞེས་བྱེད་པ་ལྟ་བུ་ཡང་དང་ཡང་དུ་འབྱུང་བ་སོགས་ལྷ་དང་མིའི་མཆོད་པ་ཕུལ་དུ་བྱུང་བས་མཆོད་ཅིང༌། མེ་ཏོག་གི་ཆར་ནི་དགུ་མཆོད་ཡིན་ནོ་ཅོག་ལ་སྲས་ཀྱི་ཐུ་བོ་མཁན་ཆེན་ཐམས་ཅད་མཁྱེན་པའི་