R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༦༠
[A:༢༦༠]ཏན་རྒྱ་མཚོའི་དབོན་མོ་ཧོར་མོ་དཔལ་ལ་ཞེས་བྱ་བ་བུད་མེད་ཀྱི་སྐྱོན་བརྒྱད་སྤངས་ཤིང་རིགས་དང་གཟུགས་དང་སྙིང་རྗེ་དང་ཕན་སེམས་ལ་སོགས་པའི་ཡོན་ཏན་དུ་མས་བརྒྱན་པ་དེ་ནི་རྗེ་འདི་ཉིད་བསྐྱེད་པར་མཛད་པའི་ཡུམ་ཡིན་ནོ། །ཡིད་འོང་བདུད་རྩིའི་འོད་ཅན་ཟླ་བའི་གཟུགས། །རྙོག་བྲལ་དྭངས་པའི་ཆུ་མཚོར་ངང་གིས་འཆར། །སྙིང་རྗེས་གཞན་དོན་ལ་ཆགས་དམ་པ་རྣམས། །སྐྱོན་མེད་མཐོ་ཞིང་གཙང་བའི་རིགས་སུ་བྱུང༌། །དེ་ལྟ་བུའི་ཡབ་ཡུམ་གཉིས་ལ་རིགས་ཀྱི་སྲས་བཞི་འཁྲུངས་པའི་ཐུ་བོ་ནི་བདག་ཅག་གི་བླ་མ་ཡོན་ཏན་མ་ལུས་པའི་ཕུང་པོར་གྱུར་པ་འདི་ཡིན་ལ། འདི་ཉིད་ཡུམ་གྱི་ལྷུམས་སུ་ཞུགས་པ་ན་ཟོ་མདོག་བཟང་ཞིང་ལུས་ཤིང་བལ་ལྟར་ཡང་བ་དང༌། རང་བཞིན་གྱིས་དགེ་བ་ལ་སྤྲོ་ཞིང་ཏིང་ངེ་འཛིན་ངང་གིས་སྐྱེ་བ་སོགས་རྒྱལ་བའི་སྲས་ཆེན་པོ་རྣམས་ལ་ཇི་སྐད་འབྱུང་བའི་དགེ་མཚན་རྣམས་མངོན་དུ་གྱུར་བཞིན་པའི་ངང་ནས་ཐུབ་པའི་དབང་པོ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་རྗེ་བཙུན་ས་སྐྱ་པའི་བཞེད་པས་ལོ་གསུམ་སྟོང་དྲུག་བརྒྱ་དང་དགུ་འདས་པ་གསེར་འཕྱང་ཞེས་བྱ་བ་མེ་མོ་བྱའི་ལོ་སྣྲོན་གྱི་ཟླ་བའི་ཚེས་བཅོ་ལྔ་ལ་ཡུམ་ལ་གནོད་པ་མེད་ཅིང་ངོ་མཚར་བའི་ལྟས་དུ་མ་དང་ལྷན་ཅིག་ཏུ་སྐུ་བལྟམས་པར་གྱུར་ཏོ། །གང་གིས་ལས་ཉོན་འཆིང་བ་ཀུན་སྤངས་སླད། །དབང་མེད་སྐྱེ་བའི་འདམ་ལས་བརྒལ་ཟིན་མོད། །བདག་སོགས་མགོན་མེད་འགྲོ་ལ་རྗེས་བརྩེ་བས། །བསམ་བཞིན་སྐྱེ་བའི་ཟློས་གར་འདི་ངོ་མཚར། །ཁྱེའུ་དེ་ཡང་བཞིན་གྱི་དཀྱིལ་འཁོར་ཟླ་བ་ཉ་བ་ལྟ་བུ་ཤངས་ཀྱི་གཟེངས་མཐོ་བ། མཐོང་ན་མི་མཐུན་པ་མེད་པས་སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་པར་མཛད་པ་ལ་སོགས་པའི་དགེ་མཚན་དང་ལྡན་པ་ཞིག་སྟེ། མཚན་ཆོས་སྐྱོང་སྐྱབས་