R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༧༨
[A:༣༧༨]ངན་ཁྱེར་བའི་ཕོ་ཉ་བ་བྱ་བཞིན་དུ་མགྱོགས་པས་གནམ་གང་གི་ཉིན་ཕྱེད་ཙམ་ལ་སླེབ་པ་ལྟར། མཚན་བཤད་ནས་བྱོན་པས་ཚེས་གཅིག་གི་ཉི་རྩེལ་རྫོང་དུ་ཕེབས། དེ་འཕྲལ་སྐུ་གདུང་རིན་པོ་ཆེ་ཡིད་བཞིན་ནོར་བུ་དེ་ཉིད་ལ་སྐུ་ཁྲུས་གསོལ་བ་སྔོན་དུ་འགྲོ་བས་ཞབས་ཏོག་བགྱིས་པ་ནའང༌། གསང་བའི་གནས་ལྟ་བས་མི་མངོན་ཞིང༌། དབུའི་གཙུག་ཏོར་མཆོག་ཏུ་འཕགས་ལ། སྤྱན་དང་ཤངས་དང་མཆུའི་སྒྲོས་མཐའ་ཞལ་བཞུགས་པའི་དུས་ཇི་ལྟ་བ་མ་གཏོགས་ཅུང་ཟད་ཙམ་ཡང་མ་ཉམས་པ། སྐུའི་མདངས་ཟླ་བ་ལྟར་དཀར་ཞིང་ཡིད་དུ་འོང་བའི་དྲི་ཞིམ་པོ་རྣམས་དང་བཅས་པ་ཞིག་འདུག་ལ། འདི་དག་ཕྱིས་ཞུགས་ལ་འབུལ་བའི་དུས་གདུང་སྒྲོམ་ནས་སྤྱན་དྲངས་པའི་ཚེ་ཡང་ཅུང་ཟད་ཀྱང་མ་ཉམས་པ་སྔོན་ཇི་ལྟ་བ་དེ་ཁོ་ནར་སྣང་སྟེ། རྙོག་བྲལ་མཁའ་ལ་སྣང་བའི་འཇའ་ཚོན་བཞིན། །གདུལ་བྱའི་ངོར་བྱས་ཕུང་པོ་འདི་བསྟན་གྱིས། །རྣམ་སྨིན་རྡོས་བཅས་ལུས་དང་མི་འདྲ་ཞེས། །མཆོག་དམན་ཁྱད་པར་འབྱེད་ལ་མངོན་སུམ་བཞིན། །དེ་ནས་དྲི་མ་མེད་ཅིང་མདངས་བཀྲ་བའི་གོས་དར་གྱི་ན་བཟའ་དང༌། །དྲི་བཟང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་བཀུར་སྟིར་བགྱིས་ཏེ་གདུང་སྒྲོམ་གྱི་མཆོད་རྟེན་དུ་སྤྱན་དྲངས་ཏེ་ཞལ་ངོ་སོ་སོ་དད་ལྡན་རྣམས་ཀྱིས་ཕུལ་བའི་བླ་རེ་དང༌། རྟེན་ཁེབས་དང༌། དར་ཡུག་དང༌། གོས་ཆེན་ལ་སོགས་པ་ན་བཟའ་དུ་མས་མཛེས་པར་ཀླུབས། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་བཤམས་ཏེ་ལྷ་དང་བཅས་པའི་འཇིག་རྟེན་རྣམས་ཀྱི་མཆོད་པའི་ཞིང་དམ་པར་བཞུགས་སུ་གསོལ། དེ་ནུབ་ནས་བཟུང་སྟེ་རྗེ་དབོན་རིན་པོ་ཆེ་དཔོན་སློབ་རྣམས་ཀྱིས་དཔལ་ཀྱེ་རྡོ་རྗེ་