R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༧༧
[A:༣༧༧]འཕེལ། །འོན་ཀྱང་ཆོས་ཀུན་རང་སེམས་སྣང་བའི་རྩལ། །མེད་བཞིན་བདེན་པར་བཟུང་བས་བྱིས་པ་བསླུས། །བརྗོད་མེད་རང་ངོ་ལྟོས་ཞེས་གསུངས་པ་དེ། །དྲན་ནས་སེམས་ལ་ངལ་གསོ་ཅུང་ཟད་ཐོབ། །བློ་འདས་གཉུག་མའི་ངང་དུ་ཁྱེད་ཉིད་དང༌། །རང་སེམས་སོ་སོར་དབྱེ་བ་མ་ཤེས་པར། །འོད་གསལ་དོན་གྱི་བླ་མ་ཕྱག་རྒྱ་ཆེ། །རང་ཞལ་མཇལ་དུས་བདེ་ཆེན་བདུད་རྩིས་མྱོས། །ཡབ་རྗེ་ཉི་མ་མཁའ་དབྱིངས་ཐིམ་ན་ཡང༌། །སྲས་མཆོག་བསིལ་ཟེར་བདག་པོ་རྣམ་པར་མཛེས། །སློབ་ཕྲན་རྒྱུ་སྐར་ཕྲེང་བས་ཐུབ་བསྟན་གྱིས། །ནམ་མཁའ་ཕྱུག་སྙམ་སེམས་ལ་ངལ་གསོ་ཐོབ། །དེའི་དུས་ཆར་ཡེ་མ་བབས་པས་ལོ་ཏོག་རྣམས་ཕལ་ཆེར་སྐམས་ཤིང་སེམས་ཅན་རྣམས་མྱ་ངན་དུ་གྱུར་པ་ན། ཞི་བར་གཤེགས་པའི་དེ་མ་ཐག་ནས་བཟུང་དེ་ཆར་གྱི་རྒྱུན་ལྷག་པར་བབས་པས་ལོ་ཏོག་དང་རྩི་ཏོག་ཐམས་ཅད་སྨིན་ཞིང་རྒྱས་པར་བྱས་ལ་སྐྱེ་བོ་རྣམས་ཀྱང་དགའ་བར་བྱས། འདི་ལྟ་བུ་ནི་ངེས་པར་རྗེ་བཙུན་རྡོ་རྗེ་འཆང་དེའི་བྱིན་རླབས་ཡིན་ངེས་ཞེས་དད་གུས་ཆེར་འཕེལ་བར་གྱུར་ཏེ། ཆོས་ཀྱི་ཆར་ཆེན་པོས་སེམས་ཅན་གྱི་རྒྱུད་ཉོན་མོངས་པའི་ཐབས་མ་རུངས་པར་གྱུར་པ་མང་པོ་ཞིག་བརླན་པར་མཛད་དེ། མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུས་སྨིན་པར་མཛད་པའི་ཕྱི་ནང་གི་རྟེན་འབྲེལ་ལས་བྱུང་བ་ཡིན་ནམ་སྙམ། དུས་དེ་ནས་དེང་སང་གི་བར་དུས་ཀྱི་མཆོད་པ་ཆེན་པོའི་ཚེ། ཆར་དཀོན་པའི་ཚེ་ལྷག་པར་འབབ་པ་དང༌། ཧ་ཅང་ཆེས་པ་ན་འཐེན་པ་ངེས་པར་འབྱུང་བ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བ་ཡིན་མོད། བདག་རྣམས་རྟ་ནག་ཏུ་འདུག་པ་གཏམ་