R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༧༩
[A:༣༧༩]མན་ངག་ལུགས། འཇམ་པའི་དབྱངས་མངའ་རིས་བླ་ཆེན་གྱིས་རྡོ་རྗེ་འཇིགས་བྱེད་ཆེན་མོ། །བདག་གིས་དཔལ་དུས་ཀྱི་འཁོར་ལོ་ཡོངས་རྫོགས་དང་འཁོར་ལོ་སྡོམ་པ་ལུ་ཧི་པ་སྟེ་ཐུགས་དམ་གྱི་སྙིང་པོ་དེ་དག་གི་དཀྱིལ་འཁོར་ཞལ་ཕྱེ་ནས་གསོལ་འདེབས་ཀྱི་སྒྲུབ་མཆོད་བགྱིས། ཚེས་གསུམ་གྱི་ཉིན་ཨེ་ཆོས་སྡེ་པའི་དགེ་འདུན་རགས་བསྡུས་ཤིག་སྤྱན་དྲངས། གྱ་ནོམ་པའི་བསྙེན་བཀུར་འབུལ་ནོད་དང་བཅས་པའི་ན་བཟའ་འབུལ་གྱི་གསོལ་འདེབས་ལ་སྨན་བླའི་ཕྱག་མཆོད་རྒྱས་པར་མཛད། དེ་ནས་ཚེས་བཅུ་བདུན་གྱི་བར་ཉིད་ཀྱི་མཁན་བུ་སྡོམ་པར་ལྡན་ཞིང་དད་གུས་ཀྱི་རྒྱུད་ཕྱུག་པ་ལྔ་བཅུ་ལྷག་པས་ལམ་འབྲས་བླ་མ་མཆོད་པའི་གསོལ་འདེབས་ཁོར་ཡུག་ཏུ་མཛད། སྐབས་དེར་འདར་ནས་བདག་ཅག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་གདུང་མཇལ་ལ་ཕེབས། སྐུ་གདུང་རིན་པོ་ཆེའི་དྲུང་དུ་གསེར་གྱི་མེ་ཏོག་གན་དར་དམར་པོ་ཡུག་ལ་སོགས་པའི་སྙན་དར། དཀར་མེ་སྟོབས་ཆེ་བ་གསོལ་འདེབས་པ་རྣམས་ལ་མང་ཇ་བུར་སྟོན་བཟང་པོ། སྐུ་ཉེ་བ་ནང་འཁོར་དང་བཅས་པ་ལ་གནང་བྱིན་དཔངས་བསྟོད་འདས་མ་འོངས་ཀྱི་བསླབ་བྱ་ཞལ་བཀོད་དཔྱིས་ཕྱིན་པ་གནང་གི་འདུག་ལ། གྲོམ་སྟོད་ཁའུ་ནས་རྒྱལ་ཚབ་དམ་པས་གསོལ་འདེབས་པ་རྣམས་ལ་མང་ཇ་བུར་སྟོན། གདུང་འབུལ་སྙན་དར་བཟང་ཐག་ཆོད་པ་ཕུལ། མུས་མཁན་ཆེན་ནམ་མཁའ་བས་ཀྱང་གསོལ་འདེབས་པ་རྣམས་ལ་མང་ཇ་དར་འགྱེད་སྙན་དར་དཀར་མེ་དང་བཅས་པ་ཕུལ་བྱུང་ཞིང༌། མུས་ཀྱི་དགོན་པ་ལུང་ཆུང་དུའང་ཐོས་མཆོད་མང་ཇ་ནས་འགྱེད་དཀར་སྤྲོ་སོགས་རྒྱས་པར་མཛད་པར་འདུག །རྒྱང་