R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༧༠
[A:༣༧༠]བྱུང་ནས་མཆི་མ་མང་པོ་ཤོར། སྐད་ཀྱིས་བརྣངས་པ་ཙམ་དུ་ངུས། མགོ་ས་ལ་བརྡེབས་ཤིང་བཙལ་བའི་ཕྱག་ལ་གྲངས་ཀྱི་འདི་ཡིན་ཞིག་མ་བྱུང་འདུག་པས་མ་བཤུམ་པར་འདིར་བྱོན། ངས་བྱིན་བརླབས་བྱས་ཀྱི་གསུང་དྲུང་དུ་ཕྱིན་པ་ན་མཆི་མ་རྣམས་ཕྱག་གིས་ཕྱིས་ནས་བྱིན་རླབས་བཀའ་བསྒོ་རྒྱས་པོ་ཞིག་མཛད༌། ང་ལའང་སོམས་ལ་ཐོས་བསམ་སྒོམ་གསུམ་ལ་གཡེལ་བ་མ་བྱེད་ཅིང༌། ང་ཁྱེད་ལ་རེ་ཆེན་པོ་ཞིག་ཡོད་དོ། །གསུང་བདུད་རྩི་རིལ་བུ་བདུན་གནང༌། བདག་གི་ཕྱི་མ་མེད་པའི་ཕྱག་དེ་ཕུལ་ནས་འབྲལ་མི་ཕོད་བཞིན་དུ་ཕྱིན་ཏེ། སྒོ་ནང་ནས་སླར་ལོག་སྟེ། དུས་དང་གནས་སྐབས་ཐམས་ཅད་དུ་སྐྱབས་མགོན་རེ་ ས་གཞན་མི་བདོག་པས་ཐུགས་རྗེས་གཟིགས་པར་ཞུའོ་ཞུས་པས་ཞལ་འཛུམ་མཛད་དེ་ཐུགས་རྗེས་ལོས་གཟིགས། ངས་དུས་ཐམས་ཅད་དུ་ཁྱོད་མ་བརྗེད་པ་བྱེད་ཀྱི་ཡོད་གསུངས་ཏེ། བསོད་ནམས་ཀྱི་བགོ་སྐལ་མཐར་བཏུགས་པ་བདག་གི་བླ་མ་དམ་པ་ཁམས་གསུམ་ན་རྙེད་པར་དཀའ་བ་འདིའི་ཞལ་གྱི་དཀྱིལ་འཁོར་དངོས་སུ་མཐོང་བ་དང༌། གསུང་གི་བདུད་རྩི་ཐོས་པའི་ཐ་མ་འདི་ཡིན། ལས་ནག་དུས་སུ་སྨིན་པར་མྱུར་དེད་ནས། །ལམ་ནག་དམྱལ་བའི་གཡང་སར་ལྷུང་བ་བཞིན། །རྟ་ནག་ཕྱོགས་དེར་འགྲོ་བ་འདི་བརྩམས་ཚེ། །བདུད་ནག་དགའ་བའི་གར་སྟབས་ཅིས་མི་སྒྱུར། །མཆོག་གི་བླ་མ་དེ་ཡི་ཞལ་བཟང་པོ། །ནམ་ཡང་འབྲལ་བ་མེད་པའི་མིག་དང་སྙིང༌། །མྱ་ངན་མཆི་མས་སྦགས་པའི་སྐལ་ངན་དེས། །ཕྱི་མ་མེད་པའི་ཕྱག་དང་གཏམ་འདི་ཞུས། །བསླུ་མེད་ཁྱེད་ཀྱིས་བདེན་པར་ཞལ་བཞེས་ཏེ། །ཐུགས་རྗེས་བདག་ཅག་འབྲལ་མེད་སྐྱབས་ལགས་མོད། །གསུང་གི་ཐ་མར་གྱུར་པ་འདི་ཐོས་