R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༧༡
[A:༣༧༡]ནས། །བདག་སྙིང་འགས་པར་མི་གྱུར་ཅི་ཡིན་ཀ །དེ་ནས་བདག་གི་བྱུར་ཞལ་ལ་རྗེ་བཙུན་དབོན་རིན་པོ་ཆེ་ཡང་དེར་མ་བཞུགས་པར་བདག་དཔོན་སློབ་རྣམས་ཀྱིས་ནི་རྟ་ནག་ལ་ཕྱིན། གདོང་ཁར་རྗེ་གྲུབ་ཆེན་སྙེལ་པོ་ཞིག་བྱུང་འདུག་པས། རྗེ་འདི་ལ་བཀའ་ཤོག་མཛད་དེ། ཁམས་མ་བདེ་བ་འདི་བྱད་ཁའི་རྣམ་པ་ཞིག་ཡིན་འདྲ་བས། དེ་ནས་གུར་ཞལ་གང་རིགས་ཀྱི་གཏོར་བཟློག་མཛད་དགོས། ཕུད་ཕྱེ་སོགས་ཀྱང་ཕུལ་ཡོད་ཕེབས་པ་ལྟར་བླ་མའི་སྐུ་རིམ་ལ་ཐུགས་ཤིན་ཏུ་སྤྲོ་བ་དང་བཅས་པས་གུར་ཞལ་གཉིས་ཀའི་གཏོར་ཆེན་མཛད་པས་རྗེ། སྒྲུབ་ཆེན་འཕྲལ་དུ་སྐུ་ཁམས་ལེགས་པར་དྭངས། སླར་ཞལ་དཀར་གྱི་གསོལ་ཇ་ཞུ་བར་ཡང་གནང་འདུག །དེ་ནས་ཧོར་ཟླ་དྲུག་པའི་ཉེར་དྲུག་གི་ནུབ། སྐུ་ཁམས་ཅུང་ཟད་སྙེལ་བའི་ཚུལ་བསྟན་སྐུ་རིམ་རྒྱ་དཔངས་ཆེ་བ་དང༌། དྲུང་ཆེན་སེར་པོ་བས་གསོལ་སྨན་གྱི་འཕྲོད་བསྟེན་ཀྱང་ཅི་རིགས་པར་ཕུལ་པས་བདེ་སྐྱེད་ཀྱི་ཚུལ་བསྟན། སྦྱིན་བདག་ཆེན་པོས་ཞལ་དཀར་ཡང་ཞུས། ཉེར་བདུན་བརྒྱད་དགུའི་ཉིན་པར་རྣམས་སྐུ་ཤེད་ཆུང་བ་ཙམ་མ་གཏོགས་སྙེལ་བའི་རྣམ་པ་ཅི་ཡང་མེད་པར་འདུག་པས་ཐམས་ཅད་བློ་བདེ་བར་གྱུར་མོད། རྗེ་ཉིད་ནི་ཐུགས་བདེ་ཉམས་ཆེ་ཞིང་ཐུགས་དམ་གྱི་རིམ་པ་དུས་གཏོར་སོགས་སྔར་འཁྱུད་བཞིན་མཛད་ལ། གཟིམས་ཆུང་ནས་ཕྱིར་ཕེབས་ཁར། གནས་གསར་ནས་སྡེ་པ་ཆོས་ཀྱི་རྒྱལ་པོ་སྐུ་དྲུང་དུ་བོས་ནས། གཏོར་མ་འདི་འབུལ་རྒྱུ་ཡིན། འདི་དག་རེ་ཞིག་འཇོག་རྒྱུ་ཡིན་ཅེས་གསུང༌། བདེ་བ་ཅན་གྱི་བཞུགས་གདན་ལ་ཕེབས་ནས་དེར་བཞུགས། དེ་ནས་ཉེར་དགུའི་དགོངས་ཐུན་གྱི་ཐུགས་དམ་གྱི་སྒང་ལ་ཕྱག་གཡོན་རྣམས་སྤྲུག་པ་དང༌། ཕྱོགས་སུ་གདེང་བ་སོགས་གར་གྱི་རྣམ་པ་མང་པོ་མཛད་ཀྱི་འདུག་ནས། དྲུང་ཆེན་སེར་པོ་བས་ད་ཅི་ནས་འདི་འདྲ་མཛད་ཀྱི་གདའ་བ་གང་ལགས་