R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༦༩
[A:༣༦༩]རིན་པོ་ཆེ་ཉིད་གསུང་སྟེ། ཐུབ་པའི་དབང་པོས་ལན་གཉིས་ལན་གསུམ་དུ། །གསུངས་ཀྱང་ཀུན་དགའ་བོ་ཡིས་རྟོགས་མ་ནུས། །དེ་བཞིན་བླ་མ་མཆོག་འདིས་ལན་གཉིས་སུ། །གསུངས་མོད་མཁྱེན་ལྡན་དེས་ཀྱང་མ་དགོངས་པ། །འདི་ཀོ་བདུད་ཀྱིས་ཉེ་བར་བརླམས་པའམ། །འོན་ཏེ་རྟག་འཛིན་ཁོ་ནས་བསླུས་པ་ཡིན། །ཡང་ན་མྱ་ངན་ཟུག་རྔུས་བསྲེགས་དོགས་ནས། །ཉིད་ཀྱིས་གོ་བ་མེད་པར་མཛད་དམ་སྙམ། །དེ་དུས་དབོན་རིན་པོ་ཆེས་དོན་དེ་དགོངས་ནས་ཞུ་བ་བྱུང་ན་ཐུགས་གཙིགས་ཆེ་ཞིང་ཐུགས་ཀྱི་བསྟད་སོ་ཡིན་པ་དང༌། ཐུགས་ཀྱང་སྒམ་པོ་ཞིག་བདོག་པས་འདས་མ་འོངས་ཀྱི་སྣང་ཚུལ་ཁ་ཅིག་མི་གསུང་བའི་ངེས་པ་མི་འདུག་མོད་སྣང་ཚུལ་དེ་ལས་མ་བྱུང༌། དེ་ནས་བདག་ནི་དམྱལ་བའམ། གཤིན་རྗེའི་གྲོང་དུ་འགྲོ་བ་ལས་ཀྱང་ཆེས་འཚེར་ཞིང་སྡུག་པ་ཞིག་ཡོད་ནའང༌། ངེད་རང་གི་ཡབ་ཡུམ་སྤུན་ཟླ་ཐམས་ཅད་ཀྱིས་ལྟོ་རྫོང་པ་བཞིན་དུ་ཞི་དྲག་དུ་མའི་སྒོ་ནས་དབྱེན་བཅོས། བླ་མ་དམ་པས་དུས་གསུམ་གསལ་བར་གཟིགས་བཞིན་དུའང་བདག་བསོད་ནམས་དང་མི་ལྡན་པ་ཕྱགས་ཕྱིར་མེད་ན་ལེགས་པར་དགོངས་པའམ། གཞན་ངོ་བསྲུང་བ་ལ་གཙོ་བོར་མཛད་པ་ཞིག་བདོག་པས་ཉེ་འབྲེལ་ཆོས་ཞུས་པ་ལ་གསན་པ་ཡིན་མིན་མི་ཤེས། ཕྱིན་པ་ལེགས་གསུང་བཀའ་གནང་བ་ཟློག་མ་ནུས་པར། རྟ་ནག་ལ་འགྲོ་བའི་ལམ་དུ་ཞུགས། འགྲོ་ཁར་གསེར་ཞོ་གང་རྒྱ་འཕན་ལེགས་པོ་ཞིག་ཡོད་པ་དེ་ཁྱེར་ནས་བྱིན་རླབས་ཞུ་བར་ཕྱིན་པས། གཟིམས་མལ་ན་མི་བཞུགས་པར། བདེ་བ་ཅན་གྱི་བཞུགས་གདན་ལ་བཞུགས་འདུག་པ་མཐོང་མ་ཐག །སྔར་དང་ཡེ་མི་འདྲ་བའི་གདུང་བ་ཆེན་པོ་ཞིག་