R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༥༩
[A:༢༥༩]ན་སླུ་གུ་གང་གཏད་འདི་འཐུང་ཟེར་བ་ལ་ཐེ་ཚོམ་མེད་པར་བཞེས་པ་ན། སྣོད་སྟེར་མི་དང་བཅས་པ་འཇལ་ཡལ་བ་ལྟར་སོང་བས་ཆོས་སྐྱོང་གིས་དངོས་གྲུབ་གནང་བར་འདུག་གསུང་བ་དང༌། སྐབས་ཤིག་ཏུ་གདན་ས་ཆེན་པོ་ནས་དཔའ་ལུང་ལ་འཕྱི་མོ་ཞིག་ལ་ཆིབས་པ་གཅིག་དང་བཅས་བྱོན་པའི་ཚེ། མ་རུངས་པ་འགའ་ཞིག་གིས་ཞབས་འདྲེན་བསྒྲུབ་པར་བརྩམས་ཏེ་ལམ་དུ་སྒུགས་པས། རྗེ་འདིའི་ཆིབས་སྣ་མི་ནག་པོ་དུང་ལོང་ཅན་གཉིས་ཀྱིས་ཁྲིད་ཆིབས་ཀྱི་རྣ་བ་གཉིས་ལ་མེ་ཆེན་པོ་རེ་འབར་བཞིན་པ་དང་བཅས་བྱོན་བྱུང་བ་ན། ངན་སེམས་ཅན་དེ་དག་འཇིགས་ཤིང་སྐྲག་ནས་འགྱེལ་ཞིང་ལག་ཆ་ཤོར་ཏེ་རང་གི་དབུགས་ཀྱང་འདོན་མི་ནུས་པར་གྱུར་ཏེ། ཞབས་ལ་བཏུད་དེ་ཉེས་པ་བཤགས་པ་སོགས་ནག་པོ་ཆེན་པོ་བྲན་དུ་འཁོལ་བའི་ལོ་རྒྱུས་ཀྱང་མང་དུ་མངའ། མཐར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཤེགས་པའི་ཚེ་ཡང་འཆི་བ་འོད་གསལ་མངོན་དུ་མཛད་དེ་ཞག་ཞེ་དགུ་ཏིང་ངེ་འཛིན་ལ་བཞུགས་ཤིང༌། དེ་ལས་བཞེངས་མ་ཐག་ཟུང་འཇུག་གི་སྐུ་བརྙེས་པའི་རྟགས་ཀྱང་ཚུལ་བཞིན་དུ་བྱུང་བ་ཡིན་ནོ། །དེའི་གཅུང་པོ་དབོན་རིན་པོ་ཆེ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་ཐུགས་གསལ་ཞིང་ཕན་སེམས་ཆེ་བ་དང་གཅེན་མཆེད་གཉིས་དང༌། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་དམ་པ་དུ་མ་ལས་ཟབ་མོའི་ལམ་གྱི་བདུད་རྩི་ཐོབ་པ། དཔལ་ལྡན་ས་སྐྱ་པའི་ཆག་མེད་རྣམ་པ་བཞི་ལ་སོགས་པའི་རྒྱུད་སྡེ་ཟབ་མོའི་ཉམས་ལེན་ལ་བརྩོན་པས་འདའ་བའི་ཚེ་ཡང་རྡོ་རྗེ་རྣལ་འབྱོར་མའི་འཕོ་བ་ཟབ་མོ་མཛད་དེ། དབུ་གཙུག་མངོན་པར་འཕགས་པ་སོགས་ངོ་མཚར་བའི་ལྟས་དང་བཅས་པ་འདི་ནི་བདག་ཉིད་ཆེན་པོ་འདིའི་ཡབ་ཡིན་ལ། ཡུམ་ནི་ཏི་གུགྴྲཱི་ཡོན་