R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༦༦
[A:༣༦༦]འགྲོ་འདུག་ཙམ་ཡང་ཤིན་ཏུ་དཀའ་བར་བྱུང་བ་ན། བླ་མ་དམ་པའི་ཐུགས་ཀྱི་དགོངས་པ་ནམ་མཁའི་དབྱིངས་ལྟ་བུ་ལ། རང་རང་གི་བློ་དང་བསྟུན་པའི་སྤར་ཚོད་ཀྱིས་འཇལ་བའི་སྐུ་འཁོར་དང༌། སྦྱིན་བདག་ཆེན་པོས། ད་ལམ་ཆོས་རྗེ་པ་སྤྱན་འདྲེན་ཞུ་བ་འདི་ཤིན་ཏུ་སྟབས་མ་བདེ་བ་ཞིག་ཡོང་འདུག་པས་ད་ལམ་འཐེན། ནད་འདི་ཐག་ཆོད་བསྟུན་ལེགས་པ་འདྲ་ཟེར་བ་སོ་སོ་ནས་ནན་ཏན་དུ་ཞུས་འདུག་པ་ལ། ད་ལམ་མ་མཇལ་ན་དེ་ནས་མཇལ་བའི་ངེས་པ་ཡ་མེད་གསུངས་སྤྱན་འདྲེན་པ་ཉིད་ལ་ཐུགས་ཐག་བཅད་དེ། བཀའ་ལུང་གསལ་པོ་འདི་བཞིན་ཕེབས་འདུག་ནའང་ཆོས་རྗེ་པ་དེ་དགུང་ལོ་བརྒྱད་ཅུ་གྱ་གྲངས་པའི་བགྲེས་པོ་ཞིག་ཡོད་པ་དེ་ལ་དགོངས་པ་ཡིན་སྙམ་པ་ཙམ་ལས་སུས་ཀྱང་མ་རྟོགས་པར་འདུག །ཁྱོད་ཀྱིས་མ་འོངས་གསལ་བར་མཁྱེན་པའི་བཀའ། །བསྩལ་མོད་གཞན་དུ་གོ་བའི་བདག་ཅག་རྣམས། །ནོག་དང་ལྐོག་ཤལ་སྤངས་པའི་བ་ལང་ཞིག །ལགས་བསམ་འོན་ཏེ་བདུད་ཀྱིས་བརླམས་པར་ངེས། །དེའི་ཚེ་གླིང་བུ་ཞེས་བྱ་བའི་ཡུལ་ན་འབྲུམ་པ་མེད་པ་དེར་རྗེ་འདི་ཉིད་ཕྱག་ཕེབས་ཤིང༌། གདོང་ཁ་ནས་སྒྲུབ་ཆེན་རིན་པོ་ཆེ་ཡང་སྤྱན་དྲངས་ནས་ཞག་དགུ་བཞུགས། བདག་གིས་གླིང་བུ་ཐུག་ཕྱགས་ཕྱི་བྱས་ནས་ཕྱིར་ལོག་པའི་ཚེ། དེ་འདྲའི་བཀའ་ལས་ཅི་བྱུང་ནའང་རིན་པོ་ཆེ་བ་སྤྱན་དྲོངས་པ་འདི་སེམས་བདེ་གསུང་མཉེས་མཉེས་དུ་མ་མཛད་ཀྱི་འདུག་པ་ལ། སྔར་མ་གསན་པའི་ཁག་ཆེ་བ་འདྲ་གསན་པ་ལགས་སམ་ཞུས་པས། མིན་ད་གསར་པ་ཞུ་བའི་སྤྲོས་པ་བཅད་བདོག །རྒྱུ་ལམ་དང་ལམ་ཟབ་སོགས་ཆག་མེད་འདི་པ་ཞིག་གསོ་བ་ཡིན་གསུང་བ་ལ། ཅི་ཡིན། ཐུགས་དམ་འཆག་པ་ནི་མེད་དེ་འདྲའི་བཀའ་ལས་བསམ་པ་