R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༦༥
[A:༣༦༥]མ་འདི་ཡི་གསུང་གི་རྒྱུན། །རྒྱུན་ཆགས་སྤེལ་མཁས་འདི་དག་རྣམས་ལ་ཡང༌། །ཡང་ཡང་མཇལ་བར་དཀའ་ཡི་གུས་པ་བསྐྱེད། །དེ་ལྟར་བདག་གི་བླ་མ་གདུལ་བྱ་འདུལ་བའི་དུས་མཁྱེན་ཅིང་ཐབས་ལ་མཁས་པ་འདིས། དགུང་ལོ་བཅུ་དྲུག་ནས་དྲུག་ཅུ་རྩ་བརྒྱད་ཀྱི་བར་དུ། གདུལ་བྱ་སོ་སོའི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་རྗེས་སུ་མཐུན་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ། སྲས་ཀྱི་ཐུ་བོ་རྣམས་ནི་ཡོངས་སུ་སྨིན་ཅིང་གྲོལ་ཏེ་མུ་མཐའ་མེད་པའི་འགྲོ་བའི་འདྲེན་པར་ནི་མངའ་གསོལ། ཁ་ཅིག་ནི་རང་གི་དོན་མཐར་ཕྱིན་པ་ལ་བཀོད་དེ། མ་འོངས་པ་ན་འགྲོ་བ་སྒྲོལ་བའི་ནུས་ལྡན་དུ་མཛད། ཞལ་མཐོང་བ་དང་གསུང་ཐོས་པ་དང་སྐུའི་གྲིབ་མ་ཕོག་པ་ཚུན་གྱི་སེམས་ཅན་རྣམས་རང་རང་གི་སྐལ་བ་དང་འཚམ་པའི་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་ལ་བཀོད་ནས་ཐམས་ཅད་ཀྱང་མཐར་ཐུག་རྡོ་རྗེ་འཆང་ཆེན་པོ་ཉིད་ལས་མི་འདའ་བར་མཛད་དེ། སྐུ་དེས་གདུལ་བར་འོས་པ་ནི་ཕལ་ཆེར་བཏུལ་ངེས་པའི་དོན་གྱི་བསྟན་པ་རིན་པོ་ཆེ་ནི་ཉིན་མོ་ལྟར་མཛད་པའི་མཐར། དག་པའི་ཞིང་ཁམས་གཞན་དག་ན་གདུལ་བྱ་དུས་ལ་བབ་པར་མཁྱེན་པ་དང༌། བདག་ཅག་ལ་སོགས་པ་ཞིང་འདིའི་གདུལ་བྱ་སྐལ་བ་དམན་པ་དག་གི་བསོད་ནམས་ཀྱི་བགོ་སྐལ་ནི་རེ་ཞིག་དེ་ཙམ་དུ་ཟད་པས། ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་ཚུལ་སྟོན་པར་བཞེད་དེ། དམ་ཚིག་གསོ་བའི་དབང་བསྐུར་གསན་པར་དགོངས་ནས་ཆོས་ཀྱི་རྗེ་གྲུབ་ཆེན་སངས་རྒྱས་དཔལ་བ་སྤྱན་འདྲེན་ཞུ་བར་བརྩམས་པ་ན། དེ་དུས་བོ་དོང་ཕྱོགས་ན་འབྲུམ་ནད་ཅིག་ཡོད་ཅིང༌། གདོང་ཁ་བའི་མི་ངོ་མང་པོས་འབྲུམ་པ་མ་ཐར་བས་ཕོ་ཉ་