R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༦༧
[A:༣༦༧]ཙམ་སེམས་ལ་ཤར་ཞུ་ནི་མ་ནུས་ནམ་ཕེབས་སམ། ཕེབས་བསུ་ལ་ཡོང་བ་ལགས་ཞུགས་པས། སྤྱིར་བླ་མ་སྐྱེལ་ལ་སོགས་པ་དང་ཟེར་དགའ་མོད་ཡིན་ཏེ། སྡུག་གེ་མངའ་ཞབས་པ་འདི་ཚོ་གཟན་པ་ལས་མེད་པས་མ་འབྱོན་གསུང༌། དེ་ནས་རྗེ་གྲུབ་ཆེན་རྗེའི་ཞལ་ནས་བདག་རྒན་པོ་འདི་ངོས་ལ་ཐུགས་རྗེས་གཟིགས་པར་ཞུ་གསུངས་པའི་ལན་དུ། ཝ་ལུང་གྲོག་པོ་ན་ཁྱི་རྒན་གྱི་རོ་མང་བ་གདའ་འམ་ཁྱི་གུའི་རོ་མང་པ་གདའ། གང་ལྟར་ཐུགས་དམ་སྐྱབས་འོག་ཞུའོ། །གསུང་ཞེས་ཐོས་ཏེ། ཟླ་བའི་དཀྱིལ་འཁོར་དག་ལས་མེ་དཔུང་དང༌། །ས་མཆོག་ཙན་དན་ཤིང་ལས་ཚ་རེག་བཞིན། །མཚན་ལྡན་བླ་མ་དམ་པ་དེ་ཡི་གསུང༌། །སྙིང་ལ་གདུང་བྱེད་སྔོན་མེད་འདི་འདྲ་ཐོས། །དེ་ནས་ཉེར་དགུའི་ཉིན་རྟ་རིན་ཐོག་བྱ་བའི་ལྗོངས་སྐྱིད་པོ་ཞིག་ཡོད་པ་དེར། གནས་གསར་ནས་ཞལ་ངོ་རྣམས་ཐབ་བཏེག་ནས་བསུ་བ་ལ་བྱོན། གདན་བཞེས་དེར་མཛད་དགྱེས་པའི་གསུང་མང་པོ་བྱོན་ཏེ་དེ་ནུབ་རྫོང་དུ་དགོངས་ཕེབས་ཤིག་མཛད། །དེ་དུས་དབྱར་ཉི་ལོག་ཆར་ཀྱང་ཕེབས་པའི་དུས་ཡིན་མོད། སྐྱེས་བུ་དམ་པ་འདི་ལྟ་བུ་ཞིང་གཞན་དུ་གཤེགས་པ་ན་དཀར་ཕྱོགས་པ་རྣམས་ཡིད་མི་དགའ་ཞིང༌། ནག་པོའི་ཕྱོགས་འགོ་འདེགས་པར་བྱེད་ལ། དེའི་མཐུས་འབྱུང་བ་རྣམས་ཀྱང་གཡོ་བར་འགྱུ་བ་ཆོས་ཉིད་ཡིན་པས། དེའི་ཉིན་དུས་མ་ཡིན་པའི་རླུང་ཆེན་པོ་ཞིག་ཀྱང་གློ་བུར་དུ་ལངས། ར་ཆུ་སོགས་ཕྱོགས་དེའི་འབབ་ཆུ་དང་རྫིང་བུ་ཐམས་ཅད་ཀྱང་སྐད་ཅིག་ལ་སྐམས། གཡས་རུ་གཙང་པོ་ཡང་འདོམ་རེ་ཙམ་གློ་བུར་དུ་བྲི་བ་སོགས་མི་དགེ་བའི་ལྟས་མང་པོ་ཞིག་ལྷགས་མོད། བླུན་བུ་བདག་ཅག་ལ་སོགས་པ་དང་ལྟ་ཅི།