R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༥༩
[A:༡༥༩]དེ་དག་གི་རྣམ་སྤྲུལ་དུ་གྲུབ་པ་ཡིན་ནོ། །གཞན་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རྗེས་སུ་བཟུང་བའི་གསང་སྔགས་རྙིང་མའི་གཏེར་སྟོན་རིག་འཛིན་ཆེན་པོ་པདྨ་གླིང་པས་ཀྱང༌། རྗེ་འདི་ཉིད་བྲམ་ཟེ་མཆོག་སྲེད་ཀྱི་རྣམ་སྤྲུལ་ཡིན་ནོ་ཞེས་གསུང་བར་གྲགས་ཤིང༌། ལྷོ་བྲག་སྨན་མདོའི་བྲག་ནས་བཏོན་པའི་བྲམ་ཟེ་མཆོག་སྲེད་ཀྱི་ཕྱག་ཕུར་ཀྱང་རྗེ་འདི་ཉིད་ལ་བྱུང་བ་ཡིན་ནོ། །སྐུ་སྐྱེ་བ་འདིའི་གོང་མ་ནི་བྱང་ལ་སྟོད་ཀྱི་བྱང་སྦུག་བྱ་བའི་དགོན་པའི་བླ་མ། ཕྱག་རྡོར་ཞལ་གཟིགས་ཤིང་སྡེ་བརྒྱད་བྲན་དུ་འཁོལ་བ། ས་སྐྱ་པའི་ཆོས་སྐྱོང་གསར་རྙིང་ལ་ནུས་པ་ཐོན་པ་ཞིག་ཡིན་ནོ། །ཞེས་རྗེ་ཉིད་གསུང་འབྱོན་མཁྱེན་ཙམ་ན་ལྷུག་པར་གསུངས་པར་སྣང་ངོ༌། །གཞན་ཡང་ལ་སྟོད་ལྷོ་ཕྱོགས་སུ་འཁྲུངས་ཚུལ་དེ་དུས་ཀྱི་སྐུ་ཉེ་ཞིག་ཀྱང་དེང་སང་འཁོར་དུ་ཡོད་ཚུལ་སོགས་ཀྱང་ཞབས་འབྲིང་རིང་དུ་བསྟེན་པའི་ངག་ལས་ཐོས་སོ། །ནཱ་རོ་མཻ་ཏྲིའི་ཐུགས་བཅུད་ཆུ་ཀླུང་གིས། །གང་བློའི་དྲི་བྲལ་རྣལ་འབྱོར་ཧེ་རུ་ཀཿ། །ཐུགས་ཀྱི་མེ་ལོང་དག་པའི་གསལ་སྣང་དུ། །ཁྱོད་ཉིད་དང་པོའི་སངས་རྒྱས་འཁོར་བ་འཇིག །འོད་གསལ་གཉིད་ཀྱིས་མྱོས་པའི་ལྭ་བ་པ། །བྱང་ཕྱོགས་གྲུབ་པའི་གཙུག་རྒྱན་ཕག་གྲུ་པ། །རྨད་བྱུང་འགྲོ་བ་འདྲེན་པའི་ཟློས་གར་གྱིས། །བགྲང་ཡས་སྤྲུལ་པའི་རྣམ་རོལ་སྤྲོ་བར་ཤར། །དེ་མཐོང་ཞལ་གྱི་པད་དཀར་བཞད་པ་ལས། །ལུང་བསྟན་སྦྲང་རྩིའི་དོག་པ་ཅི་ཡང་སྐྱུགས། །རྨད་བྱུང་གཏམ་གྱི་ཟེའུ་འབྲུ་གསལ་བར་ཕྱེ། །གྲགས་སྙན་དྲི་བཞོན་གསར་པས་ཕྱོགས་ཀུན་ཁྱབ། །