R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༥༨
[A:༡༥༨]བའི་གར་གྱི་མི་ངལ་འདི་ཡ་མཚན། །འོན་ཀྱང་ཁྱོད་ཉིད་ཁོ་ནའི་ཁྱད་ཆོས་མིན། །མ་ལུས་རྒྱལ་བའི་སྒྱུ་འཕྲུལ་དྲ་བར་བས། །དེ་ཡང་བྱེ་བྲག་ཏུ་འདི་སྐད་ཅེས་ཐོས་ཏེ། །གངས་རིའི་ཁྲོད་ཀྱི་སྒྲུབ་བརྒྱུད་འཛིན་པའི་དེད་དཔོན་དྭགས་པོ་བཀའ་བརྒྱུད་ཅེས་གྲགས་པའི་རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་རྩེ་མོར་སོན་པ་དབུས་སྨྱོན་ཧེ་རུ་ཀ་ཉིད་ཀྱིས་རྗེ་དེ་ཉིད་འགྲོ་བའི་མགོན་པོ་ཕག་མོ་གྲུུ་པ་བདེ་གཤེགས་ཁམས་པ་རྡོར་རྒྱལ་དུ་གྲགས་པ་དེ་ཉིད་ཀྱི་རྣམ་འཕྲུལ་ཡིན་ནོ། །ཞེས་ཕྱོགས་ཐམས་ཅད་དུ་བསྒྲགས་ཤིང༌། ལྷག་པར་དེ་ཉིད་ཀྱི་གྲྭ་པ་འགའ་ལའང་གནམ་ཁ་འུ་ན་དེང་སང་ཕག་མོ་གྲུ་པ་བཞུགས་ཡོད་པས་མཇོལ་ཤོག་གསུང་བ་སོགས་རྒྱ་ཆེར་བསྔགས་པ་བརྗོད་པ་དང༌། རྗེ་ཉིད་ཀྱི་གསུང་ལས་ཀྱང༌། ཆོས་སྐྱོང་ལྷ་མོ་ཞིག་ཆ་ལུགས་སྣ་ཚོགས་ཀྱིས་དུས་རྒྱུན་དུ་རྩར་ཡོང་ཞིང༌། ངེད་རང་ལ་དགེ་བའི་རྣམ་པ་ཡོད་དུས་དགའ་བའི་རྣམ་འགྱུར་བྱེད། ཅུང་ཟད་རྩུབ་པའི་དུས་མྱ་ངན་གྱི་ཆ་ལུགས་དང་རྣམ་པ་བྱེད་པ་ཞིག་འདུག་གསུང་བ་ལ། བདག་གིས་ཇི་ལྟ་བུ་ལགས་ཞུས་པས། གང་འདྲ་ཡིན་ནམ་དབུས་སྨྱོན་པས་ངེད་རང་ཕག་མོ་གྲུ་པའི་སྤྲུལ་པ་ཡིན་ཟེར་གྱི་ཡོད་འདུག །དེ་ལྟར་ན་དེ་དུས་ཀྱི་སྲུང་མ་ཞིག་ཡིན་པ་འདྲ་གསུང་བས་དོན་གྱི་ངེས་པར་ཞལ་གྱིས་བཞེས་པར་སྣང་ཞིང༌། གཞན་ཡང་ཡིད་ཆེས་པའི་རྒྱུ་མཚན་དུ་མ་མཐོང་བས་གདོན་མི་ཟ་བར་སྣང་ལ། དེས་ན་ཕག་མོ་གྲུ་པའི་རྣམ་ཐར་དུ་སངས་རྒྱས་འཁོར་བ་འཇིག་གི་རྣམ་སྤྲུལ་དུ་བཤད་ཅིང༌། འཕགས་ཡུལ་དུའང་སློབ་དཔོན་ཆེན་པོ་ལྭ་བའི་ན་བཟའ་ཅན་ལ་སོགས་པ་ཡིན་པར་བཤད་པས་རྗེ་འདི་པའང་