R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༢༥
[A:༢༢༥]ཟེར་བའི་སྔགས་པའི་ཆ་ལུགས་ཅན་ཞིག་དང༌། གཞན་གཙུག་ཕུད་ན་ལྷས་མ་གསུམ་ཀེ་རེ་བྱས་པ་ཞིག་བྱུང་ནས། ཁྲེ་སྡེར་མ་གང་ཕྱག་རྟེན་དུ་ཕུལ་ནས་ལས་རྒྱུ་འབྲས་ཀྱི་ཆོས་འབྲེལ་ཞུས། ཁྱེད་ཀྱི་བརྒྱུད་འཛིན་ལ་འཚེ་བ་མི་བྱེད་ཅིང༌། ཕྱག་ཕྱི་བསྒྲུབ་ཟེར་ནས་ཁས་བླངས། མདོར་ན་གདོན་གྱིས་བཏབ་པའི་སྐྱེ་བོ་ཇི་སྙེད་པ་ལ་རྗེས་གནང་ཕྱག་མདུད་གསང་ཆབ་སྤྲིངས་ཡིག་ཞལ་མཐོང་གསུང་ཐོས་ཀྱིས་གྲོལ་བ་སོགས་བཀའ་དྲིན་ཆེན་པོས་སྙིགས་དུས་ཀྱི་དབང་གིས་ནག་ཕྱོགས་ཀྱི་འབྱུང་པོ་ཁ་རྒྱལ་བའི་དུས་འདིར་འགྲོ་བ་མགོན་མེད་པ་རྣམས་ཀྱི་ངལ་བསོའི་བསྟི་གནས་གཅིག་པུར་གྱུར་པ་ཡིན་ལ། དེ་ཡང་ཕལ་ཆེར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་བཀའ། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པའི་ལུང༌། ང་རྣལ་འབྱོར་པ་ཆོས་དབྱིངས་རྡོ་རྗེའི་ཡི་གེ །ཞེས་པའི་གཏམ་གྱིས་ཐོག་དྲངས་ནས་གནང་བའི་སྤྲིངས་ཡིག་བཀའ་ཤོག་དེ་བསྒྲགས་པའམ། སྒོ་ལ་སོགས་པར་སྦྱར་ཏེ་བཞག་པ་ཙམ་གྱིས་འབྱུང་པོའི་གནོད་པ་གང་དང་གང་ཡིན་པ་དེ་ལས་རྣམ་པར་རྒྱལ་བར་གྱུར་པ་ནི་ཀུན་གྱི་མཐུན་སྣང་དུ་གྲུབ་ཅིང་ཉམས་སུ་མྱོང་བ་ཡིན། ལན་ཅིག་གཅེན་ལུང་ཕྱོགས་སུ་བཞུགས་དུས་ལྷ་འདྲེ་ཡིན་ཟེར་བའི་སྐྱེས་ཕོ་མོ་དང༌། མགོ་བརྙན་གྱི་རྣམ་པ་ཅན་མང་པོ་ཞིག་འདུག་པས་དེ་རྣམས་ཀྱིས་མགྲིན་གཅིག་ཏུ་ཞལ་ཏ་གང་གནང་ལས་ངེད་རྣམས་ཀྱིས་འདའ་བ་ནི་མི་བྱེད། ཕྱག་རྟགས་འདི་གང་ཡོད་པའི་ཕྱོགས་དེར་ངེད་ཚོའི་མིག་ལོངས་ནས་ཡེ་མི་མཐོང་བ་ཞིག་འོང་གི་འདུག་པས་ཅིས་ཀྱང་མི་གནང་བ་ཞིག་དགོས་ཟེར་བ་བྱུང་འདུག །དེ་བཞིན་དུ་ནད་ཀྱིས་བཏབ་པ་རྣམས་ལ