R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༠༥
[A:༢༠༥]གསུམ་གྱི་ཁོངས་སུ་ཤི །རྗེས་སུ་བུ་བརྒྱུད་རྣམས་ཀྱང་རྗེ་ཉིད་ལ་གུས་པས་བཏུད་ཅིང་མགོན་སྐྱབས་ཞུས་ཏེ་གནས་པ་ཞིག་བྱུང༌། ལན་ཅིག་གསོལ་ཇ་ཅུང་དཀོན་པ་ཞིག་གི་ཚེ་ཉེ་གནས་ཀོང་པོ་ངོར་ལ་འགྲོ་ཁར་ཞལ་ཀུར་གྱི་ཚུལ་དུ་དུར་ཁྲོད་བདག་པོ་ལ་ཁོའི་ཟླ་ལ་རྒྱུག་ལ་ཇ་ཁུག་ཤོག་གསུངས་པས། ཁོང་ཚོས་ངོར་མདའི་ཇ་པ་ཞིག་གི་ནང་དུ་གནས་ཚང་གཡར་བའི་ཚེ། དེ་པའི་གཡོག་ཞིག་ལ་བབས་ནས་ཇ་དགོས་ཚུལ་སྨྲས་པས་རྟོག་པ་སྐྱེས་ནས་གསོལ་ཇ་ཤིན་ཏུ་ཞིམ་པ་བཏོན་ནས་ཚོང་འབུལ་བྱས་པར་བྱུང༌། དེ་བཞིན་དུ་ཕྱོགས་ནས་འབུལ་བ་གནངས་ཆེ་བ་སོགས་འོང་བའི་ནུབ་མོ་འདི་དང་འདི་ཡོང་བ་ཡོད་ཟེར། ངོ་སོའི་རྣམ་པར་མང་པོ་བྱེད་པ་དང་མདོར་ན་དཔལ་མགོན་གདོང་བཞི་པ། པུ་ཏྲ་མིང་སྲིང༌། དུར་ཁྲོད་བདག་པོ་རྣམས་རྣམ་འཕྲུལ་དུ་མས་རྒྱུན་པར་གཟིགས་སྣང་དུ་འོང་བ་ཡིན་འདུག །དེས་ན་འདི་རྣམས་ཀྱི་རྗེས་གནང་ཀྱང་གཞན་དག་ལྟར་རང་གི་དགའ་སྡུག་དང་ངོ་འཛིན་སོགས་ཀྱི་ཆེད་དུ་ཡེ་མི་གནང༌། འཕྲལ་རྨི་ལམ་གྱི་བརྟག་པ་བྱེད་དགོས་གསུང༌། དོན་ལ་ཆོས་སྐྱོང་རང་གིས་ལུང་སྟོན་པར་སྣང་བས། རེས་འགའ་ཞུ་མཁན་ཡེ་མེད་པ་ནས་མཆོད་གཤོམས་དང་ཐུགས་དམ་མཛད་པ་ན་སྐལ་ལྡན་གྱི་སློབ་མ་ཐག་རིངས་ཀྱི་ས་ནས་རྐང་བཙུགས་སུ་སླེབས་ནས་དེ་འཕྲལ་གནང་ཆོག་པའང་མང་པོ་བྱུང་འདུག །ལ་ལས་ཇི་ཙམ་གསོལ་བ་བཏབ་ཀྱང་མི་གནང༌། དེ་ཡང་ལན་ཅིག་ལྟ་གྲུབ་མི་མཐུན་པའི་གྲྭ་པ་ཞིག་གིས་དཔལ་མགོན་གྱི་རྗེས་གནང་ཞུར་ཡོངས་པ་ལ། རྨི་ལམ་མི་ཚུད་པ་འདུག་པས་མི་འོངས་གསུངས་ཀྱང༌། མི་གནང་ན་ལྕེབ་ཟེར་བ་སོགས་ཀྱིས་ནན་ཏན་ཞུས་འདུག་