R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༧༨
[A:༡༧༨] ཞར་བྱུང་བར་དོའི་ཉམས་ལེན་དེ་དག་གི་ཚོད་འཛིན་རྨི་ལམ་གྱི་གདམས་པ། དབང་བཞི་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ། དེ་ཉིད་རིག་པ་སྐད་ཅིག་མ་གཅིག་གི་ངང་དུ་སྐྱོང་ཚུལ་སོགས་ཐུན་མོང་མ་ཡིན་པའི་ཟབ་གནད་མེད་དུ་མི་རུང་བ་དུ་མ་དང་བཅས་པ། མདོར་ན་བོགས་འདོན་གེགས་སེལ་སོགས་ཕྲ་ཞིང་ཕྲ་བ་ནས་ལག་འཁྲིད། ཉམས་འཁྲིད། ཆིག་འཁྲིད་སྐབས་སུ་གང་བབ། བསྟན་བཅོས་ཚད་མ་རྡོ་རྗེའི་ཚིག་རྐང་གི་གཞུང་གི་བཤད་པའང་ལུང་ཙམ་གྱི་ཟོལ་ཟོག་མིན་པར་ཐུགས་ཐོག་ནས་འབྲུ་ནོན་འབྲེལ་ཆགས་དཀའ་གནད་ཀྱི་བཤད་པ་སོགས་ཆེས་ཆེར་སྒྲོ་འདོགས་ཆོད་པར་མཛད་པས། ཕྱི་ནང་གསང་བ་དེ་ཁོ་ནའི་རྟེན་འབྲེལ་མཐའ་དག་ཅིག་ཅར་འགྲིག་སྟེ། ཚད་མ་སྙན་བརྒྱུད་བཞིའི་མངའ་བདག་ཆེན་པོར་བཞུགས་པ་ཡིན་ནོ། །གཞན་ཡང་ལམ་སྐོར་ཕྱི་མ་བརྒྱད་ཆ་ལག་དང་བཅས་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་ལྷ་གསུམ། ལྷ་བརྒྱད། ལས་མགོན་པུ་ཏྲ་མིང་སྲིང་གི་རྗེས་གནང་སོགས་དང༌། དེ་དག་གི་རྒྱ་བོད་ཀྱི་ཡི་གེ་རབ་ཏུ་མང་པོ་ཕྱོགས་གཅིག་ཏུ་བསྒྲིགས་པ་མགོན་པོད་མེ་འབར་མར་གྲགས་པའི་ལུང༌། དེར་མ་ཐུས་པའི་ནག་པོ་ཆེན་པོའི་ཡིག་སྐོར་ཤིན་ཏུ་ཟབ་པ་མང་པོའི་ལུང༌། ཕྱི་སྒྲུབ་ཀྱི་ལག་འཁྲིད་ཞལ་ཤེས། ནང་སྒྲུབ་ཐུན་མོང་བ་ཡར་ཀླུངས་པ་ནས་བརྒྱུད་པ་དང༌། ཐུན་མོང་མ་ཡིན་པ་གདུང་བརྒྱུད་རིམ་པ་ལས་བྱུང་བ། གསང་སྒྲུབ་ཀྱི་ཉམས་འཁྲིད་རྣམས་ཐུགས་མྱོང་མ་སྐྱེས་ཀྱི་བར་དུ་གསན་ཅིང་ཉམས་སུ་ལེན་པར་མཛད། མདོར་ན་བདག་ཆེན་འཇམ་དབྱངས་ཆེན་པོས་བླ་ཆེན་ཀུན་རྒྱལ་བ་མཁན་ཆེན་བསོད་ནམས་རྒྱལ་མཆོག་པ། བར་སྡིངས་པ་རྡོ་རྗེ་རྒྱལ་