R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༧༧
[A:༡༧༧]བའི་གདམས་པ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་སྒོ་ནས་ཟླ་བ་བཅོ་བརྒྱད་ཀྱི་བར་དུ་ཉམས་འཁྲིད་དུ་གསན། དེ་ཡང་རྒྱུ་དུས་ཀྱི་དབང༌། བདག་མེད་ལྷ་མོ་བཅོ་ལྔའི་དབང༌། དེའི་སིན་དྷུ་རའི་བྱིན་རླབས། ལམ་དུས་ཀྱི་ལུས་དཀྱིལ་གྱི་དབང༌། བརྡ་དོན་གསལ་བའི་འཁྲིད་བྱིན་རླབས་དང་བཅས་པ། ལམ་ཟབ་བླ་མའི་བྱིན་རླབས། རྣལ་འབྱོར་དབང་ཕྱུག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱིན་རླབས། བླ་མ་རིན་འབྱུང༌། ཚར་གསུམ་ཁུག་པ། བརྡ་གཅིག་བརྒྱུད། ལམ་སྦས་བཤད། གསང་བཅུའི་རྒྱས་བཏབ། སྒྲུབ་པ་ལུང་སྦྱིན་ཡན་ཆད་ཚང་ལ་ཡོངས་སུ་རྫོགས་པ་དེ་དག་དང་རྗེས་སུ་འབྲེལ་བའི་གསུང་ངག་གླེགས་བམ་སོགས་རྗེ་བཙུན་གོང་མའི་ཡི་གེ །རྗེ་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་ཀྱིས་མཛད་པའི་ཡི་གེ་སོགས་རྗེ་དེ་ཉིད་ལ་གང་བཞུགས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད་དོ། །དེ་དག་གི་ཕྱག་ལེན་ཀྱང་དེང་སང་གི་ལམ་འབྲས་པར་ཁས་འཆེ་བའི་མཁས་རློམ་རྣམས་དང་ཐུན་མོང་དུ་མ་གྱུར་ཅིང་དེ་དག་གི་རྣ་བའི་ལམ་ཙམ་དུའང་ཐོས་པར་དཀའ་བའི་ཟབ་གནད། དབང་བསྐུར་བའང་ཚིག་རིས་ཀྱི་བཤར་སྦྱང་ཙམ་མིན་པར། གདན་གསུམ་ཚང་བའི་སྦྱང་གཞི་སྦྱོང་བྱེད་ལེགས་པར་ངོ་སྤྲད་པས་སྔགས་ཀྱི་སྡོམ་པ་སྐྱེ་ངེས། ལྷག་པར་རྒྱུ་དབང་གི་སྐབས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་རྒྱས་པ་རྗེ་བཙུན་གོང་མའི་ཡི་གེ་ལས་འབྱུང་བའི་ཕྱག་ལེན་གྱི་རྒྱུན་མ་ནུབ་པ། འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་ངོ་སྤྲོད་ཀྱང་ན་ཡམས་ཙམ་མ་ཡིན་པར་རྒྱུད་གསུམ་ཤིན་ཏུ་རྒྱས་བཤད་དང་བཅས་པ་ལ་རིག་ཐོག་ཏུ་བདར་ཤ་ཆོད་པའི་ཉམས་ལེན་གྱི་རྐང་ཚུགས་པ། ལམ་སོགས་ཉི་ཤུ་ཚང་མའི་འཁྲིད།