R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༧༥
[A:༡༧༥]ཤས་ཙམ་བརྗོད་ན། ཐོག་མར་བཀའ་དྲིན་ཆེ་བའི་བླ་མ་རྣམ་པ་གསུམ་ལ་དམ་པའི་ཆོས་ཀྱི་བཀའ་དྲིན་ནོས་པའི་ཚུལ་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོ་ཉིད་ཀྱི་དྲུང་དུ། བཅོམ་ལྡན་འདས་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ལྷ་དགུའི་དཀྱིལ་འཁོར་དུ་རྒྱུ་དུས་ཀྱི་དབང་བསྐུར་བ་ཚར་གཅིག །ཚེ་དཔག་མེད་ཛེ་ཏཱ་རིའི་ལུགས་ཀྱི་ལྷ་དགུའི་དབང༌། གྲུབ་པའི་རྒྱལ་མོའི་ལུགས་ལྷ་གཅིག་བུམ་གཅིག་གི་ཚེ་དབང༌། ཕྱག་ན་རྡོ་རྗེ་ཨུ་ཙརྱའི་རྗེས་གནང༌། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང༌། གུར་གྱི་མགོན་པོ་ལྕམ་དྲལ་ལྷ་གསུམ་གྱི་རྗེས་གནང་རྣམས་ཚང་འགའ་གསན་པར་མཛད་དོ། །དེ་བཞིན་དུ་རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དཔལ་ལྡན་ས་སྐྱ་པའི་ཟབ་དོན་སྙན་བརྒྱུད་ཐམས་ཅད་ཀྱི་བང་མཛོད། ཁ་བ་ཅན་གྱི་རྡོ་རྗེ་འཛིན་པ་ཀུན་གྱི་དེད་དཔོན། མཐུ་སྟོབས་ཀྱི་དབང་ཕྱུག་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ལ་ལུས་ངག་ཡིད་གསུམ་ཅིག་ཅར་དུ་ཕུལ། མཉེས་པ་གསུམ་གྱིས་མཉེས་པར་མཛད་ནས། ཟབ་དོན་མན་ངག་ཐམས་ཅད་ཀྱི་བཀའ་བབས་པའི་ཚུལ་ནི། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་དྲངས་ཤིང༌། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་འཕྲིན་ལས་ཀྱིས་བསྐུལ་བའི་སྟོབས་ཀྱིས། གྲ་ཐང་དུ་རབ་བྱུང་མཛད་འཕྲལ་དཔོན་སློབ་གཉིས་རི་ཁྲོད་ཅིག་ཏུ་སྐུ་མཚམས་ཤིན་ཏུ་དམ་པར་བཞུགས་པའི་དུས། ནུབ་མང་པོའི་བར་མནལ་ལམ་གྱི་གསལ་སྣང་དུ་མི་ནག་དང་ཁྱི་ནག་གཡག་ནག་སོགས་མང་པོ་འོངས་ཏེ། ཁྱོད་ས་སྐྱ་ལ་རྒྱུག་མི་འགྲོ་ན་བརྡུང་བ་ཡིན་གསོད་པ་ཡིན་ཟེར་བ་དང༌། རེས་འགའ་ཁྱེད་མི་འགྲོ་ན་འདི་ལྟར་བྱེད་ཟེར་ཁོང་རྣམས་ཀྱིས་སྐུ་ཆས་