R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༧༤
[A:༡༧༤]འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ཚུལ་བཞིན་དུ་བཞེས་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པར་གྱུར་ཏོ། །དུས་དེ་ཉིད་ནས་བཟུང་སྟེ་བསླབ་པའི་གནས་ཕྲ་ཞིང་ཕྲ་བའི་བར་ཐམས་ཅད་མིག་གི་འབྲས་བུ་ལྟར་གཅེས་པར་བསྲུང་བ་དང་བཅས་པའི་མཚམས་ལས་ཅུང་ཟད་ཀྱང་འདའ་བའི་གོ་སྐབས་མི་མངའ། ལྷག་པར་ལོ་གྲངས་མང་པོའི་བར་དུ་སྡོར་དཀར་ཁོ་ན་དུས་ཐམས་ཅད་དུ་གདན་གཅིག་པའི་བརྟུལ་ཞུགས་ལ་གནས་པར་མཛད་ལ། ཚུལ་ཁྲིམས་ཀྱི་དྲི་བཟང་པོའི་ངད་ལྡང་བས་གང་དུ་བཞུགས་པའི་གཟིམས་ཁང་ཁྱབ་ཅིང༌། དྲུང་ན་འཁོད་པ་དག་ཀྱང་ཁམས་དངས་ཤིང་ཡིད་འཕྲོག་པ་ནི་མངོན་སུམ་གྱིས་གྲུབ་པའོ། །རྣམ་དག་ཁྲིམས་ཀྱི་མ་ལ་ཡ་ཡི་སྤོ། །བག་ཡོད་ཧ་རི་ཙན་དན་རྒྱས་པའི་ནགས། །ཡིད་འཕྲོག་ག་པུར་གསར་པའི་ངད་ལྡང་བ། །སྔོན་མེད་ཚལ་འདི་བསྟན་པའི་དཔལ་དུ་གྲུབ། །ཨེ་མ་ཁྱོད་སྐུའི་མ་ཕམ་མཚོ། །བླ་གོས་སིན་དྷུ་གསར་པ་ཡིས། །བགོས་པའི་ལི་ཁྲིའི་མདངས་འོད་ཀྱིས། །ཐུན་འཚམས་སྤྲིན་ལ་ཅོ་འདྲི་བྱས། །དེ་ཚེ་དགྲ་བཅོམ་ཉེ་བར་འཁོར། །སྐྱེངས་པས་ཞི་བའི་ཟོལ་གྱིས་བཞུད། །ཡང་ན་པཎ་ཆེན་ཡོན་ཏན་འོད། །བྱང་གི་ཕྱོགས་འདིར་ཞུགས་སམ་ཅི། །གཞན་ཡང་བདག་ཉིད་ཆེན་པོ་འདིས་ཡོངས་འཛིན་དམ་པ་རྣམས་ཀྱི་དྲུང་དུ་ཟབ་པ་དང་རྒྱ་ཆེ་བའི་ཐོས་བསམ་གྱིས་ཐུགས་རྒྱུད་སྦྱངས་ཏེ་ཤེས་བྱའི་གནས་རྣམས་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་དྲི་མ་མཐའ་དག་དང་བྲལ་བར་མཛད་པ་ཡིན་ཏེ། དེའི་ཚུལ་ཆ་