R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༦༩
[A:༡༦༩]ཆེ་ཆུང་རྣམས་གཙུག་གི་ནོར་བུ་ལྟར་གུས་པས་མཆོད་པ་དང༌། གཞིས་ཀ་རྣམས་སུ་ཆོ་འཕྲུལ་གྱི་ཟླ་བ་ལ་སྲོག་གཅོད་སྤོང་བ་སོགས་སེམས་ཅན་གྱི་སྲོག་སྐྱོབ་ཅིང༌། མི་ནག་ཅན་རྣམས་ཀྱང་སྲོག་ལ་མི་འབབ་པའི་ཞུ་བ་དོ་དམ་རྐང་ལེན་མཛད། གསུང་ལས་ཀྱང་ང་མི་བསོད་ནམས་ཅན་རང་ཡིན། །སྣེ་སྡོང་པ་དང་གཞིས་ཀ་རིན་སྤུངས་པའི་ཁུར་དེ་ཙམ་ཁུར་ཀྱང་མི་གསོད་པ་ལྟ་ཅི་སྨོས་བརྡུང་བ་ཙམ་ཡང་བྱེད་མ་མྱོང་ཀྱང་ཐམས་ཅད་ཀྱང་ང་གང་ཟེར་ལ་ཉན་པ་ཁོ་ན་བྱུང་གསུང༌། དུས་ཕྱིས་སྡེ་པ་དོན་ཡོད་རྡོ་རྗེ་པས་ཁྱེད་རང་གཞན་དང་མི་འདྲ་བས་ངེད་ལ་ལུགས་གཉིས་ཀྱི་སྙན་བསྐུལ་ཚིགས་བཅད་ཙམ་རེ་དགོས་གསུངས་པས། འཇིག་རྟེན་གྱི་རྩ་བ་གཞུང་ཕྱི་ཐག་དང་ཁྲེལ་ངོ་ཚ་ཡིན། ཆོས་ཀྱི་རྩ་བ་བསམ་པ་བཟང་བ་ཡིན་གསུང་པ་གནང་ཞིང༌། མདོར་ན་བདག་ཉིད་ཆེན་པོ་འདི་སྐྱེ་བ་དུ་མར་བྱམས་པ་དང་སྙིང་རྗེ་ལ་གོམས་ཤིང༌། རླབས་པོ་ཆེའི་བསོད་ནམས་རྒྱ་ཆེན་པོ་བསྐྲུན་པའི་མཐུས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་མངའ་འབངས་སུ་གཏོགས་པ་ཐམས་ཅད་དུ་འཁྲུག་པ་དང༌། མུ་གེ་དང་ཡམས་ནད་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་མིང་གི་ལྷག་མ་ཙམ་དུ་གྱུར་ཅིང༌། བསྟན་པ་ལ་དགའ་བའི་ལྷ་དག་གིས་ཆར་གྱི་རྒྱུན་དུས་སུ་ཕབ་སྟེ་ལོ་ཏོག་དང་འབྲུ་རྣམས་ཡོངས་སུ་རྒྱས་པ་དང༌། སྐྱེ་རྒུ་རྣམས་བདེ་ཞིང་དལ་བར་རྒྱུ་བས་རྫོགས་ལྡན་གྱི་དུས་བཞིན་དུ་གྱུར། བཤད་སྒྲུབ་ཀྱི་སྒོ་ནས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ལུང་རྟོགས་ཀྱི་ཡོན་ཏན་ཡར་ངོའི་ཟླ་བ་ལྟར་རྒྱས་ཤིང་ཆོས་དང་མཐུན་པའི་རྙེད་པ་དང་བཀུར་