R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༢བ-༢༧༤
[A:༤༢བ-༢༧༤] ༄༅། །བཀུར་གྱ་ནོམ་པས་མཆོད་ནས་དབྱར་ཟླ་བ་གསུམ་ཞལ་གྱིས་མཆེས། ཆོས་ཀྱི་དགའ་སྟོན་རྒྱ་ཆེན་པོས་ཚིམ་ཞིང་དགྱེས་པར་གྱུར་ཏེ། སླད་ནས་མཁན་ཆེན་རིན་པོ་ཆེ་རིན་པོ་བཟང་པོ་དེ་ཉིད་ཀྱིས་ཚོགས་ཀྱི་གདན་ས་ས་ལོ་བྱའི་བར་དུ་བསྐྱངས་པའི་མོད་ནས། ཆོས་ཀྱི་རྗེ་ཆོས་གྲགས་གདན་སར་བསྐོས། གོང་དཀར་ཆོས་ལུང་དགོན་པར་དབེན་པ་བསྟེན་པར་ཐེགས། མཁན་ཆེན་ཆོས་གྲགས་པ་ཉིད་ཁྲི་ཐོག་ཏུ་བཞུགས་པའི་མུ་ནས། ལྕགས་ཕོ་ཁྱི་ལོ་ཧོར་ཟླ་གསུམ་པའི་ཚེས་གསུམ་ལ། མི་དབང་ཆེན་མོ་རྡོ་རྗེ་བདེ་མ་ཉི་དག་པ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་གདུང་མཆོད་པ། ཆོས་རྗེ་བྱམས་པས་གཙོས་པའི་ཉེ་གནས་རྣམ་པ། གཙོ་བོར་ཚོགས་པ་དཔོན་སློབ། འཕགས་སྡེ། བརྒྱད་གྲ་ལ་སོགས་དགེ་འདུན་རྣམ་པར་དག་པ་རྣམས་ཀྱིས་མཆོད་འབུལ་མཛད་པའི་དུས། རྗེ་ཉིད་ཀྱང་ཕེབས། དེ་དུས་གོང་དཀར་གྱི་བཞི་སྡེ་དབུ་མཛད་རྗེ་ཉིད་ཀྱི་ཞུ་སོ་བཀྲ་ཤིས་ཆོས་གྲུབ་བཞུགས་པ་དག་པའི་ཞིང་དུ་ཐེགས་པ་ལ་བརྟེན། དཔོན་ས་བྱང་ཆུབ་དཔལ་འཛོམ་པ་ལ། ནང་སོ་ལྷ་དབང་ཀུན་དགའི་བཀའ་ཤོག་གནང་བཞི་སྡེ་དབུ་མཛད་དགོས་ཚུལ། བཀའ་བཀོད་ཡར་མར་བཞིན་ཐེགས་ཞལ་ངོ་མངའ་འབངས་དང་བཅས་པ་ཡང་ཤིན་ཏུ་དགྱེས་པར་བྱུང། དཔོན་སློབ་རྣམས་ཀྱིས་ཀྱང་སྐུ་རིམ་ལ་བརྩོན་པ་ཆེར་མཛད། དེའི་དུས་ཕྱོགས་མཐའ་དག་ནས་བྱད་མ་སོགས་ངན་བྱེད་བཙུགས་པའི་རྣམ་པས། རྗེ་ཉིད་ཐུགས་དམ་ལ་བཞུགས་པའི་