R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༥བ-༢༦༠
[A:༣༥བ-༢༦༠] བཤད་པའི་རིགས་རྣམས་དགོངས་པ་གཅིག་ཉིད་དུ་གཏན་ལ་ཕབ་ནས་དེ་རྣམས་སྙིང་པོའི་མདོ་ལྔ་ལ་སོགས་པ་འཁོར་ལོ་ཐ་མའི་མདོ་རྣམས་དང་སྦྱར་ཏེ་བཤད་པ་མཛད་པའི་ཚེ། མཁས་པའི་དབང་པོས། ཁྱེད་རང་བཞུགས་དང། དེ་རིང་ཁོང་གི་བཤད་པ་ཉན་པ་ཡིན། ངེས་པའི་དོན་མཐར་ཐུག་པའི་བཤད་པ་འདི་ལྟ་བུ་ཉན་ཆོག་པ་རང་རེ་རྣམས་སྐལ་བ་བཟང་བ་ཡིན་མོད་གསུངས་ཏེ། ཉི་མ་གསུམ་གྱི་བར་དུ་མངོན་རྟོགས་རྒྱན་ལ་བཤད་པ་མཛད་པས། ནམ་མཁའ་ནས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། རྗེ་བཙུན་པཎྜི་ཏ་ཆེན་པོར་གཙོ་བོར་གྱུར་པའི་བཞུགས་གདན་དེར་འཁོད་དོ་ཅོག་གི་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང། དགེ་བའི་བཤེས་གཉེན་འདི་ལྟ་བུ་འཇིག་རྟེན་དུ་འབྱོན་པ་ཨུ་དུཝ་རའི་མེ་ཏོག་པས་ཀྱང་ཆེས་དཀོན་ཞེས་མགྲིན་གཅིག་ཏུ་བསྟོད་དོ། །དེ་ནས་གཟུང་སྟེ། མཁས་པའི་དབང་པོའི་དྲུང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་དོགས་གཅོད་ཞུ་བ་ཀུན་ལ། ཤེར་ཕྱིན་མདོའི་དགོངས་པ་འགྲེལ་བ་དཀའ་བཅུ་བ་ཆོས་གྲུབ་པ་མི་ཕམ་མགོན་པོ་གཉིས་པ་ལྟ་བུར་འདུག་པས་ཁོང་ལ་དོགས་པ་ཆོད་གསུང་བ་བཞིན་ཀུན་གྱི་དོགས་པའི་འཕྲང་རྣམས་བསལ། དེ་དུས་དགོངས་པ་ལ། བསྟན་བཅོས་རྣམ་འགྲེལ་འདི་ཟབ་མོ་གཞན་སྟོང་དང་སྦྱར་ནས་བཤད་ན། དཔལ་ལྡན་ཆོས་ཀྱི་གྲགས་པ་ལ་སྲི་ཞུ་ཆེན་པོ་བགྱིས་པར་འགྲོ་བ་འདུག་ནའང། སློབ་དཔོན་རིན་པོ་ཆེའི་ཡིག་ཆ་རྣམས་ཀྱི་ཕྲིན་ལས་ལ་ཕན་གནོད་དོགས་དེ་འདྲའི་བཤད་སྲོལ་མ་ནུས་