R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༤ན-༣༥༧
[A:༨༤ན-༣༥༧] ༄༅། །པ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་ལོ་རྒྱུས་ཆོས་ཚན་བཞི་བརྒྱར་ཁད་ཉེ་བའི་དབང་ལུང་མ་ཚང་བ་མེད་པ་དང། ཁྱད་པར་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎའི་རྫོགས་རིམ་སྙིང་པོ་དོན་གསུམ་གྱི་གདམས་པ་ལེགས་པར་གསན་ཏེ་ཐུགས་ཉམས་སུ་བཞེས་པའི་ཚེ། སྔོན་འགྲོ་རྐྱེན་བསྐུལ་མ་གདབ་པའི་སྐབས་སུ། མི་རྟག་པ་ཐུགས་རྒྱུད་ལ་རྩོལ་མེད་དུ་འཁྲུངས་པའི། ཁོ་བོ་རི་ཁྲོད་འགྲིམ་པའི་རྣལ་འབྱོར་པ་ཅིག་རང་བྱེད་པ་མ་གཏོགས། ཚེ་འདིའི་བྱ་བྲེལ་མ་ཆགས་ཏེ་སྡད་པས་གཏན་འདུན་གྱི་བྱ་བཞག་འཆུགས་འགྲོ་ན་འདུག་པས། ད་སྟེ་འཇིག་རྟེན་བློས་བཏང་ནས་ཆོས་ཅིག་རང་བྱེད་པ་ཡིན་གསུང་བ་ཞལ་འབྲིང་བ་རྣམས་ལ་བཀའ་ཕེབས་པ་ན། ཐམས་ཅད་འཇིགས་པར་གྱུར་ནས། རྗེའི་དྲུང་དུ། གསུང་ཆོས་ཀྱང་ཐུགས་ངེས་འབྱུང་སྐྱེ་བའི་དྲག་གྲུལ་གནང་ན་ཁམ་ལ་གཏོད་པ་འདུག་པས། ཐུགས་གློད་པའི་ཐབས་བཀའ་དྲིན་བསྐྱང་བ་དགོས་ཤེས་ཞུས་པ་ན། དེ་ཀ་བཞིིན་གནང་བས་ཐུགས་བག་ཕེབས་པར་མཛད། ཟླ་བ་གཅིག་ལྷག་པ་སྙིང་པོ་དོན་གསུམ་འབབ་ཞིག་བསྒོམས་པས་ཐུགས་དམ་གྱི་རྟོགས་པས་ཁྱད་པར་ཅན་འཁྲུངས་ཤིང། དེ་ནས་གཟུང་སྟེ་སྒྲུབ་པའི་མཎྜལ་ལ་བརྟེན་ནས་ཐུན་གྱི་རིམ་པ་མ་ཆག་པར་གནང། དེ་དུས་རྗེའི་སྐུ་ཐང་ཀ་ཞིག་ལ་རབ་གནས་གནང་