R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༤བ-༣༥༨
[A:༨༤བ-༣༥༨] བའི་ཚེ། མིའི་དབང་པོའི་བཀའ་ལས། རྗེ་དྲུང་གི་སྐུ་བཞེངས་མི་སུ་བྱུང་ལ་ཞལ་ཁེབས་གོང་ཤམ་འབུལ་བའི་དམ་བཅའ་གནང། དེ་ནས་མིའི་དབང་པོ་ལ། བདེ་མཆོག་སྙན་བརྒྱུད་ཀྱི་ཆོས་སྐོར་ལས་ཐོག་མར་ཡབ་བཀའ་ཡུམ་བཀའ་སོགས་སྨིན་བྱེད་དབང་དང། གྲོལ་བྱེད་ཀྱི་རིམ་པ་སོགས་མཐའ་མ་ཚང་བ་མེད་པ་དང། ཚེ་དཔག་མེད་གྲུབ་རྒྱལ་མ། ལྷ་བཅུ་བཞི་མ། ལྷ་དགུ་མ། ཕྱི་སྒྲུབ་ལྷ་ཅིག་བུམ་གཅིག་གི་དབང། དེ་ལ་བརྟེན་པའི་ཚེ་ཁྲིད་རྒྱས་པ་སོགས་གནང། དེའི་མོད་ལ་ཚེ་ཁྲིད་དང་བརྒྱུད་པའི་གསོལ་འདེབས་ཀྱི་ཐུགས་རྩོམ་ཡང་གནང། དུས་དེར་མི་དབང་གི་མནལ་ལམ་དུ། ནམ་མཁའ་ནས་སྤོས་ཤེལ་གྱི་ཕྲེང་བ་བྱུང་བའི་དུམ་བུ་ཞིག་ཆད་པ་ཕྱག་ཏུ་བབ་པ་ཚེ་རྟགས་ཀྱི་རྣམ་པར་འདུག་དགོངས་ཏེ་བགྲངས་པས་སུམ་བཅུ་སོ་དྲུག་བྱུང་ཞིང། ལྷག་མ་ནམ་མཁའ་ལ་འདུག་པ་གཟིགས་པས། རྗེའི་དྲུང་དུ་རྨི་ལམ་འདི་ལྟ་བུ་བྱུང་ཞུས་པ་ན། བཀའ་ལས། སྐུ་ཚེ་རིམ་པོའི་ཚད་ཡིན་ན་ནི་ཅུང་མི་ལེགས་པ་འདུག་ཅིང། ད་ལྟའི་དགུང་ལོའི་སྟེང་དུ་འཕར་བ་ཡིན་ན་ནི་ལེགས་པོའང་ཡིན་པ་འདྲ། འོན་ཀྱང་ཐུགས་འདལ་དབང་དུ་མ་སོང་ན། ནམ་མཁའ་ན་ཕྲེང་བའི་འཕྲོ་ཡོད་པ་དེས་འཕེལ་བའི་རྟེན་འབྲེལ་དུ་ནི་འདུག་ཅེས་བཀའ་གནང། དེར་མ་ཟད། མ་ཅིག་གི་སྤྱོད་ཡུམ་