R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༣ན-༣༣༥
[A:༧༣ན-༣༣༥]༄༅། །བཟང་པོ་ལ་རྒྱལ་ཆེན་གླིང་གི་ནོར་སྦྱིན་ཕྱོགས་ཀྱི་བཟའ་ཤིང་ར་བར། མི་དབང་ཆེན་པོ་ཡབ་ཡུམ་སྲས་བཅས་དང། མཁན་ཆེན་རིན་པོ་ཆེའི་དྲུང་དཔོན་སློབ་ཀྱང་ཕེབས་པའི་ཐོག་མའི་དགའ་སྟོན། ཕྱི་ནང་མེད་པར་རྙེད་བཀུར་གྱི་གྱ་ནོམ་པས་མཆོད་ཅིང། དེའི་ཚེ་རྣལ་འབྱོར་དགེ་ལེགས་དབང་ཕྱུག་པའི་པཎ་ཆེན་དུས་མཆོད་ཐུག་པས། དཔོན་བློན་བྱིན་དུ་གསོལ་ཇ་བུར་སྟོན། འབུལ་ནོད། དྲུང་སྐོར་རྣམས་ལའང་ཀ་དན་ཁ་རེ་སོགས་ལེགས་ཚོགས་ཞུས་ཏེ། དེ་ནས་ལྷུན་གྲུབ་གླིང་དུ་ཡབ་ཡུམ་སྲས་དང་བཅས་ལྷན་སར་ཐེགས་ཏེ་བཞུགས་སོ། །རྗེ་བཙུན་འདི་ཉིད་དགུང་ལོ་དྲུག་བཅུ་རྩ་ཅིག་ལྕགས་མོ་ལུག་གི་ལོ། བདེ་ཆེན་ཡངས་པ་ཅན་ནས་ཐམས་ཅད་མཁྱེན་པ་ཆེན་པོ་སྤྱན་སྔ་རིན་པོ་ཆེའི་ཞབས་དྲུང་དབྱར་ཀ་རྒྱུད་དེ་འཕྱོང་རྒྱས་སྲོང་བཙན་དུ་ཕེབས་པའི་མོད་ནས། དཔལ་ལྡན་བླ་མ་དམ་པ་འདི་ཉིད་སངས་རྒྱས་ཀྱི་བསྟན་པ་འཛིན་པ་ཀུན་གྱི་སྤྱི་བོའི་ཅོད་པན་དུ་དགོངས་ཏེ། མཆོད་ཡོན་ཐམས་ཅད་ནས་ཆོས་ཀྱི་སྐྱེས་བཟང་པོ་རྩོལ་བའི་ཆེད་དུ་སྤྱན་འདྲེན་པར་བསྔགས་པ་བཞིན། ཡར་རྒྱབ་ནས་ཞལ་ངོ་རྣམས་ཀྱིས་ཀྱང་དེ་ཇི་ལྟ་བ་བཞིན་གསོལ་བ་བཏབ། ཆིབས་ཁ་ལོ་བསྒྱུར་བའི་མཐུན་རྐྱེན་རྣམས་ཀྱང་ལེགས་པར་སྦྱར་ཏེ། སྤྱན་སྔ་རིན་པོ་ཆེའི་ཞལ་སྔ་ནས་ཀྱི་དགོངས་པ་དང་འབྱོར་བའི་ཆེད་དུ་རིམས་པར་བཏེགས་པའི། ཕེབས་མ་ཐག་གཟའ་སྐར་དུས་སྦྱོར་བཟང་པོ་དང་བསྟུན། ཐོག་མ་ཁོ་ནར། དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ལེའུ་