R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༨༢
[A:༨༢]པའི་ཚེ། རྒྱན་གོང་དུ་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ་བཀའ་སྩལ་ཏེ། མཁན་པོ་རྒྱ་ཤཱཀྱ་གཞོན་ནུ། སློབ་དཔོན་སེ་ཡེ་ཤེས་བརྩོན་འགྲུས། གསང་སྟོན་ཉང་རྡོ་རྗེ་རྒྱལ་མཚན་ལ་སོགས་པའི་དགེ་སློང་བདུན། དགེ་ཚུལ་གཉིས། དགེ་བསྙེན་གཅིག་དང་བཅུ་སྤྱན་དྲངས་ཏེ་གྲོམ་པ་རྒྱང་དུ་དགེ་འདུན་གྱི་སྡེ་བཙུགས་པའི་དུས་སུ། རབ་ཏུ་བྱུང་བ་ཕྱེད་དང་སུམ་བརྒྱ་ཙམ་འདུས་པའི་ནང་ནས། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། སྟག་ལོ་ཙཱ་བ་གཞོན་ནུ་བརྩོན་འགྲུས། ལེང་ཡེ་ཤེས་གཞོན་ནུ་གསུམ། མཁན་སློབ་རྒྱལ་པོ་དང་བཅས་པས་རྒྱ་གར་དུ་ཆོས་སློབ་ཏུ་བཏང་། བསྟན་པའི་རྩ་བ་ཡིན་པས་འདུལ་བ། བསྟན་པའི་སྙིང་པོ་ཡིན་པས་ཕར་ཕྱིན། བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས་སློབས་ཤིག་ཅེས་བཀས་རབ་ཏུ་གདམས་པ་ལས། འབྲོག་མིས་མཁས་པ་སྒོ་དྲུག་དང་། དཔའ་བོ་རྡོ་རྗེ་ལས་མདོ་རྒྱུད་ཀྱི་ཟབ་དོན་བླངས། ཁྱད་པར་ཕྱིས་ག་ཡ་དྷ་ར་བོད་དུ་བྱོན་པ་ལས། གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས་ནས། བསྟན་པ་སྤེལ་བའི་སློབ་མའི་གཙོ་བོ། མན་ངག་ཚར་བ་གསུམ། རྒྱུད་ཚར་བ་ལྔ། གྲུབ་པ་ཐོབ་པ་བདུན་སོགས་བྱུང་བའི། དང་པོ་ལྷ་བཙུན་ཀ་ལི། འགྲོམ་དེ་པ་སྟོན་ཆུང་། སེ་མཁར་ཆུང་པའོ། གཉིས་པ་ནི། ས་སྐྱ་པའི་འཁོན་དཀོན་མཆོག་རྒྱལ་པོ། འཕྲང་འོག་གི་དབྲད་དཀོན་མཆོག་རྒྱལ་པོ། མངའ་རིས་པ་གསལ་བའི་སྙིང་པོ། ལྷ་རྩེའི་ཁྱི་ལྗང་དབུ་དཀར་བ། ཤངས་ཀྱི་བྲག་ཝེ་སོ་ནག་པ་དང་ལྔའོ། གསུམ་པ་ནི། སྒྱེར་སྒོམ་སེའོ། གཤེན་སྒོམ་རོག་པ། དབུས་པ་དྲོད་(གྲོང) པོ་ཆེ་སྟེ་ཕོ་གསུམ་དང་། ཤམ་(ཤབ) མོ་ལྕམ་གཅིག་འཕྱད་མོ་ནམ་མཁའ། སྲད་མོ་ཀོ་ནེ། སྟོད་མོ་རྡོ་རྗེ་མཚོ་སྟེ་མོ་ལྔའོ་(བཞིའོ)།