R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༨༡
[A:༨༡]ལོ་ དགུ་བཅུ་རྩ་བརྒྱད་བཞུགས། རྨང་ལོ་ཙཱ་བ་དགེ་བའི་བློ་གྲོས་སོགས་ཞུ་ཆེན་ཕེར་བའི་སློབ་མ་ལོ་ཙཱ་བ་བཅུ་ལྷག་བྱུང་། བསྟན་པ་ཕྱི་དར་གྱི་མདོ་སྔགས་ཀྱི་བཀའ་དྲིན་ཕལ་ཆེར་ཁོང་གི་ངོ་ལ་བྱུང་། སྟོད་འདུལ་བའི་གཙོ་བོ་ཞང་ཞུང་རྒྱ་ཤེའི་སློབ་མ་ནི། དཔལ་འབྱོར་ཤེས་རབ་དང་། ཚུལ་ཁྲིམས་བློ་གྲོས་ལ་སོགས་པ་ཡིན། དཔལ་འབྱོར་ཤེས་རབ་འདི་ནི། པུ་རངས་ལོ་ཆུང་གྲགས་མཆོག་ཤེར་དང་། ལོ་ཙཱ་བ་གཞོན་ནུ་མཆོག་གི་སློབ་མ་ཡིན། པུ་རངས་ལོ་ཆུང་འདི་ནི། ཤྲཱི་ཁང་དམར་གྱི་གད་ལོགས་སུ། སྐུ་ལུས་འདི་ཉིད་ཀྱིས་མཁའ་སྤྱོད་དུ་ཕེབས། ཁོང་དང་ལོ་ཆེ་ཆུང་དུ་སྡེབས་པའི་ལོ་ཆེན་ནི་མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་ཡིན། ཁོང་གི་སློབ་མ་དམར་ཆོས་ཀྱི་རྒྱལ་མཚན། དེའི་དབོན་པོ། ཐུབ་པ་ཤེས་རབ། དེའི་དབོན་པོ་དམར་ཆོས་རྒྱལ་ཡིན། དེ་དག་སློབ་རྒྱུད་དང་བཅས་པ་འཁོར་ལོ་བདེ་མཆོག་གི་བསྟན་པ་ལ་གཙོ་བོར་བཀའ་དྲིན་ཆེའོ། ལོ་ཆེན་རིན་བཟང་གི་རྗེས་ལ། གཙང་ཕྱོགས་འདིར་སྔགས་ཀྱི་བསྟན་པ་སྤེལ་བ་ལ་འབྲོག་མི་ལོ་ཙཱ་བ་སྔ་བ་ཡིན་ཏེ། སྟོད་སྨད་ཀྱི་ཡབ་མཆེད་མཇལ་དུས་ལས་ལོ་གཉིས་པ། ག་ཡ་དྷ་ར་དགུང་ལོ་ཉིས་བརྒྱ་དང་ཞེ་གཅིག་བཞེས་པ། འདས་ལོ་ནས་སུམ་སྟོང་བརྒྱ་དང་ཉེར་ལྔ་འདས་པའི་ཉེར་དྲུག་པ་ཆུ་མོ་སྦྲུལ་
སྤྱི་ལོ་༩༩༣
ལ་འབྲོག་མི་བལྟམས། ཆུ་སྦྲུལ་དེ་ནས་དེང་སང་ནི་ལོ་ལྔ་བརྒྱ་དང་དོན་གཉིས་པ་ཡིན་ལ། ལོ་འདི་ཕྱི་དར་ས་མོ་བྱ་ནས་ཞེ་ལྔ་པ་ཡིན་ཞིང་། ལོ་ཆེན་ལས་ཉེར་གསུམ་གྱིས་གཞོན་པ་ཙམ་མོ།
དེ་ཡང་བོད་ཀྱི་རྒྱལ་པོ་སྨད་ཀྱི་ལྡེ་གསུམ་པོ་གྲོམ་པ་ལྷ་རྩེ་ན་བཞུགས་