R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༧༣
[A:༧༣] མཁས་མཆོག་དེ་ཡིས་སྔོན་མེད་པའི༎ ཆོས་རྣམས་ཕལ་ཆེར་བསྒྱུར་ཅིང་ཞུས༎ ཞེས་སོགས་ཀྱིས། བསྟན་པ་ཕྱི་དར་གྱི་སྒོ། རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་ངོས་བཟུང་བ་ནི། བསྟན་པའི་མེ་རོ་སྨད་ནས་བསླངས་ཏེ། སྟོད་མངའ་རིས་ནས་ཤིན་ཏུ་དར་བ་འདི་ལ་དགོངས་སོ། ཞེས་ཁོ་བོས་ལེགས་པར་བཤད་པ་ཡིན་ཏེ། གཞན་དུ་ན་འདིའི་གོང་དུ་ཡང་མི་བཅུ་སློབ་བུ་སྦྱིན་བདག་དད་ལྡན་དང་བཅས་པས་བསྟན་པའི་བྱ་བ་རྒྱ་ཆེར་བསྒྲུབས་ཟིན་པ་དང་འགལ་བའི་ཕྱིར་རོ། འདི་མ་བྱོན་གོང་དུ་བསྟན་པ་གཟུགས་བརྙན་ཙམ་ལས་བསྟན་པ་མེད་ཅེས་ཀྱང་བརྗོད་པར་མི་ནུས་ཏེ། དེ་ཡན་ཆད་དུ་དགེ་སློང་བཞིས་འོངས་པའི་དགེ་འདུན་གྱི་སྡེ་དང་། དེ་དག་གི་རྒྱུད་སོ་སོར་ཐར་པའི་བསླབ་བྱ་རྣམ་པར་དག་པ་དང་། རབ་བྱུང་བསྙེན་རྫོགས་ཀྱི་ལས་ཀྱི་ཆོ་གའི་ལག་ལེན་སོགས་ཡོད་པས། ལུང་རྟོགས་ཀྱི་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་གསུམ་ཀ་ཚང་བའི་ཕྱིར་རོ། དེས་ན་ལྷ་བླ་མ་རབ་ཏུ་བྱུང་བའི་མེ་ཕོ་འབྲུག་གི་ལོ་འདི། བསྟན་པ་ཕྱི་དར་ཤིན་ཏུ་དར་ཞིང་རྒྱས་པར་བྱེད་པའི་ལོ་དུས་ཀྱི་ཐོག་མ་ཡིན་པར་ལུང་རིགས་ཀྱིས་གྲུབ་ལ། ལོ་འདི་ནི་འདས་ལོ་ནས་སུམ་སྟོང་བརྒྱ་དང་བཞི་བཅུ་རྩ་བརྒྱད་འདས་པའི་རྩ་དགུ་པ་
སྤྱི་ལོ་༡༠༡༦
ཡིན་ནོ། འོ་ན་འདི་རབ་ཏུ་འབྱིན་པའི་མཁན་པོ་སུ་ཞིག་སྙམ་ན། དེབ་སྔོན་སོགས་ལས། དེའི་ཚེ་བསྟན་པ་མེད་པས་ལྷ་བླ་མ་ཡབ་སྲས་གསུམ་རང་རྟགས་རང་གིས་བླངས་ནས་དཀོན་མཆོག་གི་དྲུང་དུ་ཕུལ། རབ་ཏུ་བྱུང་ཞེས་བཤད་པ་ནི་མི་འཐད་པར་སེམས་ཏེ། དེའི་ཚེ་ཕྱི་དར་ས་མོ་བྱ་ནས་ཀྱང་ལོ་བརྒྱད་ཅུ་རྩ་བརྒྱད་ལོན་པས་བསྟན་པ་ཤིན་ཏུ་ཡོད་པའི་ཕྱིར་རོ། དེ་བས་ན་ཁོ་བོ་ནི། དེབ་སྔོན་རང་ཉིད་ལས། ལོ་ཆེན་རིན་བཟང་ལོ་བཅུ་གསུམ་ལོན་པའི་ཚེ། མཁན་པོ་ཡེ་