R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༧༢
[A:༧༢]〔དཔལ〕 འཁོར་ལྡེ་རབ་ཏུ་བྱུང་བའི་མཚན་ནི། ལྷ་བླ་མ་ཡེ་ཤེས་འོད་ཅེས་བྱ་སྟེ། དེས་ན། རྗེ་དཔལ་འཁོར་བཙན་ནས། ཡེ་ཤེས་འོད་འདི་མ་བྱོན་བར་ལ། བོད་འདིར་གཙུག་ལག་ཁང་དང་། གླེགས་བམ་དང་། དགེ་འདུན་གྱི་སྡེ་དང་། བཤད་ཉན་སྒོམ་སྒྲུབ་སོགས་ཅུང་ཟད་འཕེལ་ཡང་། ལུང་རིགས་རྣམ་དག་གིས་དཔྱད་མི་བཟོད་པའི། དགེ་ཚུལ་ཆུ་གཏོར་མ་དང་བསྙེན་རྡོགས་དེར་བས་མ་སོགས་དང་། གནད་ཀྱིས་མ་ཟིན་པའི་སྦྱོར་སྒྲོལ་ལམ་བྱེད་སོགས། ལྟར་སྣང་གི་ཆོས་ཚུལ་མང་པོའི་སྤྲིན་གྱིས་བསྒྲིབས་པས་སྤྲིན་མེད་ཀྱི་བསྟན་པ་རྣལ་མ་དར་བ་ནི་མ་ཡིན་ལ། བསྟན་པའི་མེ་རོ་ཅུང་ཟད་གསོས་བཏབ་པ་ནི་ཡིན་ནོ། ཡེ་ཤེས་འོད་འདི་རབ་ཏུ་བྱུང་། ལོ་ཆེན་རིན་བཟང་སོགས་ཀྱིས་འཕགས་ཡུལ་ནས་གསར་མའི་འགྱུར་མགོ་བཙུགས་ཏེ། བཤད་སྒྲུབ་ཀྱི་བསྟན་པ་ལུང་རིགས་ཀྱིས་གཏན་ལ་ཕབ་པ་ནི། ཕྱི་དར་རྒྱལ་བའི་བསྟན་པ་ཤིན་ཏུ་དར་བའི་མགོ་བཙུགས་པ་ཡིན་ནོ། དོན་འདི་ལ་དགོངས་ནས། ཆོས་ལ་འཇུག་པའི་སྒོ་ལས། འོད་སྲུངས་ནས་བརྩམས་ཏེ་དེ་ཡན་ཆད་ནི། གངས་ཅན་འདི་ན་གཙུག་ལག་ཁང་དང་གླེགས་བམ་བཞུགས་མོད། བཤད་པའི་བཀའ་ཉམས་པས་གཟུ་ལུམ་དུ་མ་བྱུང་སྟེ། སངས་རྒྱས་ཀྱི་བསྟན་པའི་གཟུགས་བརྙན་ལ་སྤྱོད་པ་ཡིན་ནོ། དེ་ནས་འདིར་བསྟན་པ་རྒྱས་ཤིང་དག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང་སྨོན་ལམ་གྱི་སྟོབས་ཅན་ཞིག་སའི་བདག་པོ་བཀྲ་ཤིས་མགོན་གྱི་སྲས་སུ་སྐུ་བལྟམས་པ་ནི། ཞེས་སོགས་དང་རབ་དབྱེ་ལས། དེ་ཚེ་བླ་མ་ཡེ་ཤེས་འོད༎ ཆོས་རྒྱལ་དེ་ཡིས་སྐྱེས་བུ་མཆོག༎ རིན་ཆེན་བཟང་པོ་ཁ་ཆེར་བརྫངས༎ འཇམ་པའི་དབྱངས་ཀྱིས་བྱིན་རླབས་པའི༎