R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༥༧
[A:༥༧]རྒྱལ་པོའི་ངོ༎ ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཡིན་ཞེས་གྲགས༎ དེ་ནས་བརྒྱ་ཕྲག་གཉིས་དང་བཅུ་འདས་ཚེ༎ མེ་མོ་གླང་ལ་སྲོང་བཙན་སྒམ་པོ་བལྟམས༎ ཕྱག་ན་པད་མོའི་རྣམ་འཕྲུལ་ཡིན་ཞེས་གྲགས༎ སྔ་དར་བསྟན་པའི་སྲོལ་ཆེན་དེ་ནས་བཏོད༎ དེ་ནས་བརྒྱ་དང་བཅུ་གསུམ་འདས་པའི་ཚེ༎ ལྕགས་ཕོ་རྟ་ལ་ཁྲི་སྲོང་ལྡེ་བཙན་བྱོན༎ ཕྱག་ན་རལ་གྲིའི་རྣམ་འཕྲུལ་ཡིན་ཞེས་གྲགས༎ སྔ་དར་བསྟན་པའི་དབུ་འཕང་དེ་ནས་བསྟོད༎ དེ་ནས་དོན་དྲུག་འདས་པའི་མེ་ཁྱིའི་ལོར༎ ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་ཁྲི་རལ་བྱོན༎ སྔ་དར་བསྟན་པའི་དར་རྒྱས་དེ་ནས་ཕྱེ༎ སོ་དྲུག་ལོན་ཚེ་བསྟན་པའི་ཉིན་ཕྱེད་བསྒྲིབས༎ དེ་ལྟར་གངས་ཅན་བསྟན་པ་སྔ་དར་ནི༎ ཐོ་ཐོ་རི་ནས་གདུང་རབས་ལྔ་ཡི་བར༎ ཉིས་བརྒྱ་བཅུ་རུ་བསྟན་པའི་སྐྱ་རེངས་ཤར༎ སྲོང་བཙན་ནས་བཟུང་གདུང་རབས་ལྔ་ཡི་བར༎ བརྒྱ་དང་བཅུ་གསུམ་བསྟན་པའི་ཉི་ཟེར་འཕྲོ༎ ལྡེ་བཙན་ནས་བཟུང་གདུང་རབས་ཕྱེད་བཞིའི་བར༎ བརྒྱ་དང་བཅུ་གཅིག་བསྟན་པའི་དཀྱིལ་འཁོར་རྒྱས༎ དེ་ལྟར་རབ་བགྲང་བཞི་བརྒྱ་སོ་བཞི་ནི༎ སྔ་དར་བསྟན་པའི་ཉིན་བྱེད་ཤར་བ་སྟེ༎ ཐུབ་དབང་ལྔ་བརྒྱ་ཕྲག་བཅུའི་བསྟན་པ་ལས༎ འཕགས་ཡུལ་སྒྲུབ་པའི་ལྔ་བརྒྱ་ཐ་མ་ལ༎ གངས་ཅན་བོད་ཀྱི་བསྟན་པ་སྔ་དར་བྱོན༎ བཞི་བརྒྱ་སོ་བཞིར་བསྟན་པའི་པད་ཚལ་བཞད༎ ལྕགས་མོ་བྱ་ལ་སྟུག་པོའི་སྤྲིན་གྱིས་བསྒྲིབས༎ བརྒྱ་རྩ་བརྒྱད་དུ་མུན་པའི་གླིང་དུ་བཞུགས༎ འོན་ཀྱང་ཕྱི་དར་བསྟན་པའི་ཟླ་ཤེལ་གྱིས༎ རིན་གྱིས་གསལ་བར་བྱས་པ་འདི་ངོ་མཚར༎ གཉིས་པ་བསྟན་པ་ཕྱི་དར་གྱི་རྣམ་བཞག་སྟོན་པ་ལ། རབ་དབྱེ་ལས། དེ་ནས་དར་མས་བསྟན་པ་བསྣུབས༎ དེ་རྗེས་ཆོས་ལོག་དུ་མ་འཕེལ༎ དེ་