R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༥༨
[A:༥༨]ནས་བླ་མ་ཡེ་ཤེས་འོད༎ ཆོས་རྒྱལ་དེ་ཡིས་སྐྱེས་བུ་མཆོག༎ རིན་ཆེན་བཟང་པོ་ཁ་ཆེར་བརྫངས༎ ཞེས་སོགས་བཤད་པ་ལྟར་ཏེ། དེ་ལ་འཕྲོས་དོན་གྱི་རྣམ་བཞག་སྤྱིར་བསྟན་པ་དང་། སྐབས་དོན་རྒྱས་པར་བཤད་པ་གཉིས། དང་པོ་ནི། བཅོམ་ལྡན་རིག་རལ་སོགས། བསྟན་པ་སྔ་དར། ཕྱི་དར། བར་དར་གསུམ་དུ་མཛད་ནས། དང་པོ་འདྲ་བ་ལ། གཉིས་པ་བར་དར་ནི། མི་བཅུ་སོགས་ཀྱིས་དབུས་གཙང་དུ་བསྟན་པ་སྤེལ་བ་ལ་ངོས་བཟུང་ནས། གསུམ་པ་ཕྱི་དར་ནི། ལོ་ཆེན་རིན་བཟང་དང་། འགོས་ལོ་ཙཱ་བ་སོགས་ཀྱིས་བསྟན་པ་སྤེལ་བ་མན་ཆད་ཡིན་གསུངས། མཁས་པ་འགའ་ཞིག་འདི་མི་འཐད་དེ། སྔ་དར་ཕྱི་དར་གཉིས་འབྱུང་བ་ནི། བར་དུ་དར་མས་བསྟན་པ་བསྣུབས་ནས་བསྟན་པའི་རྒྱུན་ཆད་པ་ཞིག་བྱུང་བའི་རྒྱུ་མཚན་གྱིས་ཡིན་ལ། བར་དར་ཞེས་པ་ནི་སྒྲོ་བཏབས་ཁོ་ན་ཡིན་ཏེ། ཁྱེད་འདོད་པའི་བར་དར་དེ་ནས་སྔ་ཕྱིའི་བར་དུ་བསྟན་པ་མེད་པའི་བར་སྟོང་བྱུང་བ་མེད་པའི་ཕྱིར་ཞེས་གསུངས་སོ། ཁོ་བོ་ཅག་ཀྱང་དེ་ཉིད་སེམས་ཏེ། མི་བཅུ་ནས། འགོས་ལོ་སོགས་ཀྱི་བར་དུ་བསྟན་པ་གོང་འཕེལ་ཁོ་ན་ལས་ཆ་ཞན་དུ་སོང་བའི་སྐབས་ཅུང་ཟད་ཀྱང་མེད་པས། བར་དར་གྱི་ཐ་སྙད་མི་མཛེས་པའི་ཕྱིར་དང་། ཁྱེད་ལྟར་ན་བསྟན་པ་སྔ་དར་ཉིད་ལ་ཡང་། མེས་ཨག་ཚོམ་ཡན་ཆད་སྔ་དར་དང་། ཁྲི་སྲོང་ལྡེ་བཙན་ནས་བར་དར། ཁྲི་རལ་པ་ཅན་ནས་ཕྱི་དར་ཞེས་གསུམ་དུ་འབྱེད་རིགས་པ་ཧ་ཅང་ཐལ་ཏེ། རྒྱུ་མཚན་ཅིའི་ཕྱིར་ན། མེས་ཨག་ཚོམ་གཤེགས་ནས་ཁྲི་སྲོང་ལྡེ་བཙན་ནར་མ་སོན་གྱི་བར་དེར། མ་ཞང་སོགས་བདུད་བློན་གསུམ་གྱེས་བསྟན་པ་ལ་རྨ་ཆེན་པོ་ཕྱུང་སྟེ། བསྟན་པ་མེད་པ་ལྟ་བུར་བྱས་འདུག་པའི་ཕྱིར་རོ། དེས་ན་སྔ་